བལ་ཡུལ་དུ་རྒྱ་དཔོན་གྱི་གཟིགས་སྐོར་དང་བོད་མི་བཀག་ཉར།
དེ་ནི་ཕྱི་ཚེས་༡༦ ཉིན་རྒྱ་ནག་དམར་ཕྱོགས་ཚོགས་པའི་ཆབ་སྲིད་དབང་འཛིན་པའི་འགོ་ཁྲིད་ཀྲོའི་ཡོན་ཁཱང་དང་། རྒྱ་ནག་གི་བློན་ཆེན་རིམ་པ་སོགས་ཀྱིས་སྣེ་ཁྲིད་པའི་མི་གྲངས་༦༠ ལྷག་ཡོད་པའི་གཞུང་འབྲེལ་མཐོ་རིམ་གཟིགས་སྐོར་ཚོགས་ཆུང་ཞིག་བལ་ཡུལ་ལ་ཉིན་གྲངས་གསུམ་རིང་འབྱོར་བ་དང་བསྟུན། བལ་ཡུལ་ནང་གི་བོད་མི་གནས་སྡོད་བྱེད་ཡུལ་ས་གནས་ཁག་ལ་ཉེན་རྟོག་པ་དང་གསང་བའི་མི་སྣ་བཀྲམ་ནས་དམ་དྲག་ཇེ་ཆེར་བཏང་ཐོག། མཆོད་རྟེན་བྱ་རུང་ཁ་ཤོར་ཉེ་འཁོར་ནས་བོད་མི་སྐྱབས་བཅོལ་བ་ཨྱོན་དོན་གྲུབ་དང་། ཐུབ་བསྟན་རྡོ་རྗེ། བསོད་ནམས་བཀྲ་ཤིས་སོགས་ལྔ་དང་། ལཱ་ལེ་པུར་རྫོང་ཁོངས་ཀྱི་བོད་མིའི་གཞི་ཆགས་ཉེ་འཁོར་ནས་དོན་གྲུབ་དང་། ཚེ་མཆོག་དཔལ་མོ་གཉིས་བཅས་བསྡོམས་པས་བོད་མི་མི་གྲངས་བདུན་ནག་ཉེས་གང་ཡང་མེད་པར། གློ་བུར་གང་བྱུང་ཉེན་རྟོག་པས་བཀག་ཉར་ཁང་དུ་བཅུག་ཡོད་པ་རེད།
རྒྱ་ནག་གཞུང་གིས་དུས་རྒྱུན་བལ་ཡུལ་དུ་གནས་སྡོད་བོད་མི་ཚོར་དམ་དྲག་དགོས་པའི་དགོས་འདུན་འདོན་གྱི་ཡོད་པ་ལྟར། ད་ལྟ་རྒྱ་ནག་གི་མཚམས་གཟིགས་སྐབས་བལ་ཡུལ་གཞུང་གིས་བོད་མིར་དམ་དྲག་བྱེད་གྱི་ཡོད་པའི་རྣམ་པ་སྟོན་ཆེད་དང་། སྐབས་དེར་བོད་དོན་ལས་འགུལ་རིགས་མི་ཡོང་ཆེད་གོང་རིམ་གཞུང་གི་བཀའ་ལྟར་བོད་མི་བཀག་ཉར་བྱས་པ་དང་། བོད་མི་ཁོང་ཚོར་རྒྱ་ནག་གི་གཟིགས་སྐོར་ཚོགས་ཆུང་དེ་ཕྱིར་ལོག་མ་བྱས་པར། གློད་གྲོལ་གཏོང་རྒྱུ་མིན་པ་ཚོད་དཔག་བྱེད་བཞིན་པ་རེད།
རྒྱ་ནག་གི་མཐོ་རིམ་གཟིགས་སྐོར་ཚོགས་པས་བལ་ཡུལ་དུ་བལ་ཡུལ་གྱི་སྲིད་འཛིན་དང་། སྐབས་ཐོག་སྲིད་བློན་སོགས་བློན་ཆེན་རིམ་པ་དང་། དམར་ཕྱོགས་མའོ་ཆབ་སྲིད་ཚོགས་པ་གཙོས་རྒྱལ་ནང་གི་ཆབ་སྲིད་ཚོགས་པ་ཆེ་ཁག་གི་འགོ་ཁྲིད་རྣམ་པར་ཐུག་འཕྲད་བྱ་རྒྱུ་དང་། བལ་ཡུལ་རྒྱལ་ནང་གི་ཞི་བདེའི་ལས་དོན་ཐད་གླེང་མོལ། ཕན་ཚུན་བར་དཔལ་འབྱོར་འཛུགས་སྐྲུན། འཕྲུལ་རིག་ལས་དོན་སོགས་ཀྱི་ཐད་མཉམ་ལས་གྲོས་མཐུན་འཇོག་རྒྱུ་དང་། རྒྱ་ནག་གིས་བལ་ཡུལ་ལ་གློག་འདོན་ས་ཚིགས་འཛུགས་སྐྲུན་ཆེད་རྒྱ་སྒོར་ས་ཡ་ ༡༥༤ ཙམ་བུ་ལོན་གཏོང་འཆར་སོགས་ལ་མཚན་རྟགས་འགོད་རྒྱུ་ཡིན་པ་རེད།
ཉེ་བའི་ནང་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཚོས་རབ་དང་རིམ་པར་བལ་ཡུལ་ལ་མཚམས་གཟིགས་དང་། ལས་གཞི་འདྲ་མིན་ཐད་རོགས་རམ་བྱེད་རྒྱུའི་གྲོས་མཐུན་ཡིག་ཆ་བཞག་ཡོད་པ་རེད། །
བལ་ཡུལ་ས་གནས་གསར་འགོད་པས།
{jcomments on}