བོད་མི་གཉིས་ཀྱི་ཞི་བའི་གོམ་བགྲོད།

གོམ་བགྲོད་པ་གཉིས་ཀྱིས་རྒྱ་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་འབོད་སྐུལ་ཡིག་ཆ་ཞིག་བཀྲམ་པའི་ནང་འཁོད་དོན། བོད་མི་མང་གི་ཐད་ཀར་འོས་འདེམས་བྱས་པའི་བཀའ་ཁྲི་བློ་བཟང་སེང་གེ་མཆོག་དང་རྒྱ་གཞུང་བར་ཞི་བའི་གྲོས་མོལ་གནང་རྒྱུ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གློད་གྲོལ་གཏོང་དགོས། བོད་དུ་གསར་འགོད་རང་དབང་དང་གནས་ཚུལ་གང་ཡིན་ཡང་ཁ་གསལ་བཟོ་དགོས། སུད་སི་མི་མང་གིས་རེ་འདུན་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་བོད་ནང་ལ་ངེས་པར་དུ་བདེན་པའི་གནས་ཚུལ་གང་ཡིན་མིན་གཟིགས་ཞིབ་གནང་བར་ཕེབས་དགོས་ཞེས་འཁོད་ཡོད་པ་རེད།

གོམ་བགྲོད་དེ་ཟླ་འདིའི་ཚེས་༢༩ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་ལྷན་ཁང་ཆེ་བའི་ལྟེ་གནས་སུ་མཇུག་བསྡོམས་བྱེད་རྒྱུ་ཡིན་པ་དང་། གོམ་བགྲོད་པ་མཁར་ནང་འཕགས་པ་ལགས་ནི་བོད་མདོ་ཁམས་རྫ་ཆུ་ཁ་མཁར་ནང་སྡེ་བ་ནས་ཡིན་པ་དང། ཉེ་བའི་ཆར་རང་དབང་ལུང་བར་སྐྱབས་བཅོལ་དུ་ཡོང་ནས་ད་ལྟ་ཡུལ་དེའི་ནང་སློབ་སྦྱོང་བྱེད་བཞིན་ཡོད་པ་རེད། ཁོང་གི་རོགས་པ་ཨྱོན་ཚེ་རིང་ནི་རྫ་ཆུ་ཁ་སེར་ཤུལ་སྡེ་བ་ཡིན་པ་དང་། ཉེ་ཆར་ཡུ་རོབ་རྒྱལ་ཁོངས་སུ་སྐྱབས་བཅོལ་དུ་ཡོང་བ་ཞིག་རེད།

ད་ཐེངས་ཀྱི་གོམ་བགྲོད་གཉིས་ལ་གསར་འགོད་པའི་དྲ་ལམ་བརྒྱུད་གནས་འདྲི་ཞུས་པར། ཁོང་གཉིས་ཀྱིས་ངོས་ནས་བོད་ནང་དུ་ད་ལྟ་སྡུག་སྦྱོང་མནར་གཅོད་ཚད་མེད་མེད་མྱོང་བཞིན་པའི་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ་ཞི་བའི་གོམ་བགྲོད་བྱེད་བཞིན་ཡོད། དམིགས་བསལ་དཀའ་ངལ་ཆེན་པོ་མི་འདུག་ཅེས་བརྗོད་སོང་། འགྲོ་གྲོན་ག་འདྲ་གཏོང་གི་ཡོད་མེད་སྐོར་དྲིས་པར། འགྲོ་གྲོན་ཆ་ཚང་སྒེར་ངོས་གནས་གཏོང་གི་ཡོད། འོན་ཀྱང་ས་གནས་གང་དུ་འབྱོར་ཡང་དེར་ཡོད་པའི་བོད་མི་ཚོས་རོགས་རམ་བྱེད་ཀྱི་འདུག་ཅེས་འགྲེལ་བརྗོད་བྱས་སོང་།
ཨོ་སུ་ཁྲི་ལི་ཡིའི་ས་གནས་གསར་འགོད་པ་སེར་ཤུལ་དཀོན་མཆོག་གིས།