རྒྱ་གར་ནང་ལྐོག་ཟ་རུལ་སུངས་རྩ་མེད་བཟོ་དགོས་པའི་ངོ་རྒོལ།

ཟླ་འདིའི་ཚེས་༡༥ ཉིན་གྱི་དགོང་དྲོ་ལྡི་ལི་གསར་པར་སྐུ་ཞབས་ཨན་ན་ཧ་ཛ་རེའི་རྒྱབ་སྐྱོར་བ་མི་གྲངས་ ༥༠ བཀག་ཉར་བྱས་པ་དང་། ལྡི་ལི་གསར་པའི་སྐྱེད་མོས་ཚལ་ཞིག་དུ་ཉིན་དེར་ཨན་ན་ཧ་ཛ་རེ་དང་ཁོང་གི་རྒྱབ་སྐྱོར་བ་ཚོས་རྒྱ་གར་ནང་ལྐོག་ཟ་རུལ་སུངས་རྩ་མེད་བཟོ་ཆེད་“ཇན་ལོཀ་པལ་”ཞེས་པའི་ཁྲིམས་བཟོ་དགོས་པའི་ཟས་བཅད་ངོ་རྒོལ་ལ་ཞུགས་རྒྱུ་ཡིན་པ་རེད། 

ཕྱི་ཚེས་ ༡༤ ཉིན་ཉེན་རྟོག་པས་ཁོ་ཚོར་ངོ་རྒོལ་བྱེད་ཆོག་པའི་ཆོག་མཆན་སྤྲད་ཡོད་ཀྱང་། ཕྱི་ཉིན་དགོང་དྲོ་ཆོག་མཆན་མ་སྤྲད་ནས་ཁོ་ཚོའི་ལས་དོན་ནང་དངོས་སུ་ཞུགས་མཁན་ཡོངས་རྫོགས་བཀག་ཉར་བྱས་ཡོད་པ་རེད།

བཀག་ཉར་བྱས་བྱེད་པའི་རྒྱབ་ཏུ་རྒྱ་གར་དབུས་གཞུང་འཛིན་ཚོགས་པ་ཀོང་རི་སི་པར་ཊི་ཡོད་ཅིང།  ད་ལྟ་འཚོག་བཞིན་པའི་རྒྱ་གར་གྲོས་ཚོགས་ནང་དུ་ཀོང་རི་སི་པར་ཊི་སྲིད་གཞུང་གིས་ལྐོག་ཟ་རུལ་སུངས་རྩ་མེད་བཟོ་རྒྱུར་“ཇན་ལོཀ་པལ་”ཁྲིམས་ཤིག་བཟོ་ཐབས་བྱེད་ཀྱི་ཡོད་ནའང། དེ་ལ་སྐུ་ཞབས་ཨན་ན་ཧ་ཛ་རེ་དང་ཁོང་གི་རྒྱབ་སྐྱོར་བ་ཚོས་ངོས་ལེན་བྱེད་ཐུབ་ཀྱི་མེད་པ་རེད།    དེ་ནི་ཀོང་རི་སི་པར་ཊི་སྲིད་གཞུང་གི་ཁྲིམས་དེའི་ནང་དུ་སྲིད་བློན་དང།   ཆེས་མཐོ་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན།   རྒྱ་གར་གྲོས་ཚོགས་ཀྱི་དམིགས་བསལ་ཚོགས་མི་འགའ།    གཞུང་གི་འབྲིང་རིམ་སྲི་ཞུ་བ་བཅས་ཚུད་མེད་པ་དང།   གལ་ཏེ་མི་སྣ་དེ་དག་གིས་ལྐོག་ཟ་རུལ་སུངས་བྱས་པ་ཡིན་ན་ཁྲིམས་དེས་ཉེས་པ་གཏོང་ཐུབ་ཀྱི་མེད་པ་ཡིན་འདུག དེར་བརྟེན་ཨན་ན་ཧ་ཛ་རེ་དང་ཁོང་གི་རྒྱབ་སྐྱོར་བ་ཚོས་སྲིད་བློན་ནས་བྱིས་པ་དང་། སྤྲང་པོའི་བར་ཚང་མ་“ཇན་ལོཀ་པལ་”ཁྲིམས་འོག་ཏུ་ཚུད་དགོས་སྐོར་བརྗོད་ཀྱི་ཡོད་པ་རེད།

ཕྱི་ཚེས་ ༡༥ དགོང་དྲོ་ཨན་ན་ཧ་ཛ་རེ་ཡིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ་གལ་ཏེ་ཁོང་ལ་འཇུ་བཟུང་བཀག་ཉར་བྱས་པ་ཡིན་ན།   བཙོན་ཁང་དུའང་ཟས་བཅད་ངོ་རྒོལ་མུ་མཐུད་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་དང།   ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཚོ་ལ་དྲག་པོས་རྒོལ་ལན་མ་བྱས་པར། འཚེ་མེད་ཞི་བའི་ལམ་ནས་ལས་དོན་མུ་མཐུད་སྤེལ་དགོས་པའི་རེ་སྐུལ་བྱས་ཡོད་པ་རེད།

ཕྱི་ཚེས་ ༡༦ དགོང་དྲོ་སྲིད་གཞུང་གིས་ཨན་ན་ཧ་ཛ་རེ་བཙོན་ཁང་ནས་ཕྱིར་གཏོང་ཆོག་པའི་ཆོག་མཆན་སྤྲད་ཡོད་ཀྱང།   ཁོང་ཚོར་ཆ་རྐྱེན་གང་ཡང་མེད་པའི་ཐོག་ཟས་བཅད་ངོ་རྒོལ་བྱེད་དུ་མ་བཅུག་ན། བཙོན་ནས་ཕྱིར་འགྲོ་མིན་ཞེས་བརྗོད་དེ་བསྡད་ཡོད་འདུག   །