ཁམས་རྟའུ་མི་མང་ལ་གདུང་སེམས་མཉམ་བསྐྱེད།
དེ་ཡང་ས་གནས་གཞོན་ནུ་དང་བུད་མེད་ལྷན་ཚོགས། གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་བཅས་ཀྱི་སྣེ་ཁྲིད་འོག གདན་ས་ཆེན་མོ་སེ་ར་དང་རྣམ་གྲོལ་གླིང་བཅས་སུ་རྒྱལ་གཅེས་དཔའ་བོ་ཚེ་དབང་ནོར་བུ་ལགས་ཀྱི་སྐུ་ལུས་མེར་བསྲེག་གིས་བོད་དོན་བདེན་པའི་འཐབ་རྩོད་བྱས་པར། རྗེས་དྲན་དང་བསྔོ་སྨོན་སྐྱབས་ཞུས་པ་དང་། ཆོས་སྡེ་ཁག་ནས་ཀྱང་ཆེད་དུ་བསྔོ་སྨོན་འཚོགས་ཡོད་པ་རེད།
ཕྱི་དྲོ་ཆུ་ཚོད་ ༥ པའི་ཐོག་ས་གནས་གཞོན་ལྷན་དང་བུད་མེད་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག གཞིས་ཆགས་གསར་རྙིང་གཉིས་ཀྱི་མི་མང་མཉམ་འཛོམས་ཀྱིས་བསྔོ་སྨོན་དགོང་ཚོགས་དང་མར་མེའི་ཁྲོམ་སྐོར་ཞིག་ཀྱང་བྱས་སོང་ལ། སྨོན་ལམ་དགོང་ཚོགས་ཐོག་སྐུ་མགྲོན་གཙོ་བོ་དབུས་གཞོན་ནུའི་ཚོགས་གཞོན་ཟུར་བ་བློ་བཟང་ཡེ་ཤས་ལགས་ཀྱིས་གཏམ་བཤད་གནང་དོན། “དེ་རིང་གི་ཚོགས་འཛོམས་འདི་ནི་ཟླ་འདིའི་ཚེས་ ༡༥ སྟེ་རྒྱ་གར་རང་བཙན་ཐོབ་པའི་དུས་དྲན་གྱི་ཉིན་དེར། བོད་ནང་གི་གཞིས་ལུས་སྤུན་ཟླ་རྣམས་ལ་རང་དབང་དང་བདེ་སྐྱིད་མེད་པར་བརྟེན། རྒྱལ་གཅེས་དཔའ་བོ་སྐུ་ཞབས་ཚེ་དབང་ནོར་བུ་ལགས་ཀྱིས་སྐུ་ལ་ས་སྣུམ་བྱུགས་ནས། བོད་རང་དབང་གི་ཆེད་དུ་སྐད་འབོད་བྱས། མཐར་རང་ལུས་མེར་བསྲེག་གི་ཛ་དྲག་གི་གནས་ཚུལ་བྱུང་བར་རྗེས་དྲན་ནམ་བསྔོ་སྨོན་བྱེད་ཀྱི་ཡོད་པ་རེད།” ཅེས་སྤྱིར་འདས་པའི་ལོ་ཟླའི་ནང་གི་བོད་དོན་ལས་འགུལ་སྐོར་དང་། ལྷག་པར་འདི་ལོའི་འཁྲུངས་སྐར་དུས་དྲན་ཉིན་མོ་ནས་ད་ལྟའི་བར་བོད་ཁམས་སྤྱི་དང་བྱེ་བྲག་ཁམས་རྟའུ་ཁུལ་ཀྱི་ཛ་དྲག་གི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ཁོང་གིས་མུ་མཐུད་གསུང་དོན། “གནས་ཚུལ་འདིས་ཉེ་བའི་ཆར་རྒྱ་གཞུང་གིས་དེབ་ཐེར་དཀར་པོ་ཟེར་བ་ཞིག་བཏོན་པའི་ནང་བོད་ལ་རང་དབང་དང་བདེ་སྐྱིད་ཡོད་ཅེས་བསྒྲགས་པར་དོན་དངོས་གང་ཡིན་རྒྱལ་སྤྱིའི་ཐོག་ལན་འདེབས་གསལ་པོ་བྱས་པ་ཞིག་ཀྱང་རེད།”ཅེས་རྒྱ་རྒྱལ་དཔའ་བོ་ཚེ་དབང་ཕུན་ཚོགས་ཀྱིས་སྙིང་སྟོབས་དཔའ་ངར་ལ་བསྟོན་བསྔགས་རྗེས་དྲན་ཀྱི་བཏམ་བཤད་སྤེལ་རྗེས། མི་མང་གིས་མར་མེའི་ཁྲོམ་སྐོར་བྱས་ཡོད་པ་རེད།།
མེ་སོར་གསར་འགོད་པས།
http://www.tibetexpress.net/bo/home/2010-02-04-05-37-19/6294-2011-08-15-10-53-22