ཐ་མག་ཉོ་ཚོང་དང་བེད་སྤྱོད་མི་བྱེད་པའི་གཞིས་ཆགས་ཐོག་མ།
བཀྲ་ཤིས་ལྗོངས་ནི་ཁམས་སྤྲུལ་སྐུ་ཕྲེང་བརྒྱད་པ་སྐལ་བཟང་དོན་བརྒྱུད་ཉི་མ་མཆོག་གི་ཕྱག་གཏབ་པ། བོད་མིའི་གཞིས་ཆགས་བཀྲ་ཤིས་ལྗོངས་སམ་བྱེས་ཀྱི་ཁམས་པ་སྒར་ལ་ཧི་ཅལ་མངའ་སྡེའི་བློན་ཆེན་དྷུ་མལ་མཆོག་དང་། མངའ་སྡེའི་དྲུང་ཆེ་ལྕམ་སཱ་འདུ་བཅས་ཀྱིས་རྒྱ་གར་རང་བཙན་དུས་ཆེན་འཕྲོད་བསྟེན་གྱི་ཐོག་རྩེར་ཐོན་བསྔགས་བརྗོད་ཀྱི་རྟགས་མ་ཞིག ཧི་མ་ཅལ་མངའ་སྡེ་ཧཱ་མིའི་པུར། བྷ་ས་རྫོང་ཁོངས་སུ་མི་མང་སྟོང་ཕྲག་མང་པོའི་དཀྱིལ་དུ་གནང་འདུག། སྤྱིར་བཀྲ་ཤིས་ལྗོངས་ཀྱི་ས་མིང་འདི་ཧི་མ་ཅལ་གཞུང་གི་ས་ཁྲའི་ནང་དུ་ཡང་མིང་དེ་རང་སོར་བཞག་ཡོད་པ་དང་། རྒྱ་གར་གཞུང་གི་མདུན་གྱི་ལམ་ཆེན་སྟེང་ས་མིང་བྲི་བྱང་སྟེང་དུ་ཡང་དབྱིན་ཡིག་ཐོག Tashijong monastery (བཀྲ་ཤིས་ལྗོངས་དགོན་པ) ཞེས་བྲིས་ཡོད།
ཉེ་སྔོན་ཙམ་ལ་ཧོ་ལན་ཌིའི་འཐུང་ཆུ་རོགས་སྐྱོར་ཚོགས་པ་ནས་གཞིས་ཆགས་དེར་ཆུ་སྤོམ་ཆེན་པོ་ཞིག་གི་རོགས་རམ་མཐུན་འགྱུར་གནང་བ་དང་། དེའི་ཚོགས་མི་པཱ་ཇཱཔ་ས་ནས་ཡིན་པ། སྐུ་ཞབས་ཧརྗི་ཁྲི་སིང་མཆོག་གཞིས་ཆགས་སུ་བལྟ་བསྐོར་དུ་ཡོངས་ནས། ཟླ་གཅིག་མ་ཟིན་ཙམ་དུ་གནས་སྡོད་བྱས་ཡོད་པ་དང། དེའི་རིང་གཞིས་ཆགས་ཀྱིས་གནས་ཚུལ་དང་། སྡེ་དགོན་གཉིས་ཀྱི་བར་དད་པ་དང་དམ་ཚིག་གི་འབྲེལ་བ། ཕན་ཚུན་རྒྱ་གར་བའི་མི་སེར་རྣམས་དང་མཐུན་འབྲེལ་ཆེ་བ་སོགས་གཞིས་ཆགས་གཞན་དང་མི་འདྲ་བའི་ཐུན་མིན་གྱི་ཁྱད་ཆོས་བཟང་པོ་ལ་དབང་མེད་ཀྱིས་དགའ་སྤྲོས་ཁེངས་ནས་ལས་ཀའི་འཇུག་སྒྲིལ་ཉིན་གཏམ་བཤད་སྤེལ་ཡོད་པ་དང། བཀྲ་ཤིས་ལྗོངས་ཀྱི་མི་སེར་རྣམ་པས་ཀྱང་ཁོ་རང་ལ་ཐུགས་རྗེ་ལེགས་འབུལ་གྱི་བོད་གྲུམ་དང་བོད་གོས་ཆ་ཚང་ཞིག་ཕུལ་ནས་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད། སྐབས་དེར་གཞིས་མི་རྣམས་ཀྱིས་གཞིས་ཆགས་འདི་ལ་ཁྱོད་རང་གི་ངོས་ནས་སྐྱོན་ཆ་གང་འདུག་ན་གསུང་རོགས་དང་། གཞིས་ཆགས་ཀྱི་ངོས་ནས་ཉེས་འགོག་ལེགས་སྤེལ་གང་ཐུབ་ཅི་ཐུབ་བྱེད་ཀྱི་ཡིན་ཞེས་ཞུས་པར། ཁོང་གིས་ཞིབ་ཚགས་པོས་ལྟ་རྟོག་བརྒྱུད་གང་ཅིའི་ཐད་ཚགས་ཚུད་པོ་དང་། ཕྱི་ནང་གཉིས་ཀར་མཐུན་པོ། བོད་མིའི་གཞིས་ཆགས་སུ་ལ་ཡང་མེད་པ་ཡ་མཚན་པོ་འདུག ཡིན་ན་ཡང་དགོན་པ་དང་བླ་མ་འདི་འདྲའི་རྩ་ཆེན་གྱི་མདུན་དུ་ཡུལ་མི་ཕོ་སར་ཁ་ཤས་ཀྱིས། ཐ་མག་དང་། ཁ་ནུའི། སྦི་རིའི་སོགས་དུག་རྫས་ཀྱི་རིགས་མང་པོ་བེད་སྤྱོད་བྱེད་པ་མཐོང་སོང་དེ་རྩ་བ་ནས་ཡག་པོ་མི་འདུག དེ་སྤང་ཐུབ་ན་ཡག་པོ་འདུག་ཀྱང་། ཚོང་གཉེར་བ་རྣམ་པ་ལ་ཚོང་ཤིན་ཏུ་ཡག་པོ་ཡོད་པར་བརྟེན་དཀའ་ལས་ཁག་པོ་རེད་ཅེས་བསམ་འཆར་བཏོན་ཡོད་པ་རེད། སྐབས་དེར་གཞིས་མི་ཚང་མ་མ་བགྲོས་བསམ་པ་གཅིག་མཐུན་གྱིས་ཁོ་རང་ནང་པའི་མི་ཞིག་མ་ཡིན་ནའང་འདི་ལྟ་བུའི་ལྷག་བསམ་བཟང་པོ་ལ་ཐམས་ཅད་ཡི་རང་ནས་དེ་བཞིན་བྱེད་ཆོག་པའི་ཁས་ལེན་ཞུས་ནས། ཚོང་ཁང་བསྡོམས་པས་བཅུ་གཉིས་ཙམ་ཡོད་པའི་ནང་དུ་ཐ་མག་གི་རིགས་སོགས་ཡོད་པ་གསུམ་གྱི་ནང་ནས་ཐ་མག་གི་རིགས་ཡོད་ཚད་དང་། ཁ་ནུའི། སྦི་རིའི་སོགས་ཡོད་ཚད་གཅིག་ཀྱང་མ་ལུས་པ་ཁོ་རང་གི་མདུན་དུ་སྤུངས་ནས། དགོན་པའི་བླ་གྲྭ་ཁག་གཅིག་ཆེད་ཕེབས་ཀྱིས་ཕྱིན་ཆད་གཞིས་ཆགས་ཀྱི་ནང་དུ་ཚོང་རྒྱུ་ཡང་ལྟ་ཞོག རྒན་གཞོན་ཆེ་ཕྲ་ཀུན་གྱི་གཞིས་ཆགས་འདི་ཉིད་ཀྱི་ནང་དུ་སུས་ཀྱང་མི་འཐུང་བའི་འགན་ལེན་ཞུས་ཡོད་པ་རེད། ཁོང་ཤིན་ཏུ་དགའ་ནས་ཐ་མག་རྣམས་ཀྱི་མ་གནས་དེ་དོ་བདག་རྣམས་ལ་སྤྲད། དོ་བདག་རྣམས་ཀྱིས་དེ་ཚོ་ཁ་ཙམ་མ་ཡིན་པར་མི་དགོས་ཚུལ་ལབ་ཀྱང་ཡིན་གཅིག་དེ་ཚོ་ལེན་དགོས་པའི་ནན་བཤད་བཅས་བྱས་ནས་ཁོ་རང་ཡུལ་དུ་ལོག གནས་ཚུལ་དེ་རྒྱ་གར་གྱི་གསར་ཤོག་ནང་དུ་བསྟོད་བསྔགས་བཅས་གང་སར་ཁྱབ་ཡོད་པར་བརྟེན། རྒྱ་གར་གསང་བའི་ལས་ཁང་ནས་དེ་དངོས་བདེན་ཡིན་མིན་ལྟ་སྐོར་ཆེད་གསང་བའི་ཐོག་ནས་སླེབས་ཡོད་པ་དང། གནས་ཚུལ་དེ་བདེན་པ་ཡིན་པར་ར་འཕྲོད་པས་ད་ལན་གཟེངས་རྟགས་དེ་ཐོབ་པ་རེད་འདུག མངའ་སྡེའི་བློན་ཆེན་ནས་ལོ་མང་སྔོན་ནས་ཧི་མ་ཅལ་མངའ་སྡེ་གཞུང་ནས་འདི་ཡི་དོན་ཧིན་སྒོར་འབུམ་ཚོ་མང་པོས་འགྲོ་སོང་བཏང་ནས་བཀག་འགོག་གི་སྲིད་ཇུས་རབ་དང་རིམ་པ་སྤེལ་ཡོད་ཀྱང་། ད་ཕན་གྲུབ་འབྲས་གང་ཡང་མེད། ད་ལན་གཞིས་ཆགས་འདི་རུ་དང་བླངས་ཀྱི་ཐོག་ནས་བྱུང་བའི་གྲུབ་འབྲས་འདི་བརྒྱུད་ནས་མངའ་སྡེ་ཁྱོན་ཡོངས་ལ་དུག་རྫས་འགོག་སྤྱོད་ཀྱི་རིགས་ལ་ཕན་ནུས་དང་གྲུབ་འབྲས་བཟང་པོ་ཐོན་པའི་ཡིད་ཆེས་ཡོད་ཅེས་གསུངས་འདུག གནས་ཚུལ་འདི་བརྒྱུད་ནས་བཀྲ་ཤིས་ལྗོངས་གཞིས་དགོན་གཉིས་ཀྱིས་རང་མི་རིགས་ཀྱི་ཡ་རབས་དང་སྤྱོད་བཟང་ཕན་ཚུན་མཐུན་འབྲེལ་སོགས་གོང་འཕེལ་དང་། མ་འོངས་པར་ཐ་མག་གི་གཙོས་པའི་དུག་རྫས་ཀྱི་རིགས་ཐམས་ཅད་གཞིས་ཆགས་འདི་ཉིད་ཀྱི་འཁོར་ཡུག་ཀུན་ཏུ་སུ་གཅིག་གིས་ཀྱད་བེད་སྤྱོད་ཉོ་ཚོང་མི་ཆོག་པའི་ཡིག་བྱང་གང་སར་བཀྲམ་ནས་བོད་མི་རིགས་ཀྱི་བཟང་སྤྱོད་འབུར་དུ་ཐོན་པའི་ལས་འགུལ་སྤེལ་ཡོད་འདུག་པ་བཅས། འབྲེལ་ཡོད་ཅིག་གིས་གནས་ཚུལ་མཁོ་སྤྲོད་གནང་སོང་།།