ཀིརྟི་དགོན་པའི་གྲྭ་པ་ཚོར་ལག་ཁྱེར་རེ་བཟོ་དགོས་ཟེར།

ཉིན་ཤས་གོང་གྲྭ་པ་རྣམས་ལ་རྒྱ་ནག་གཞུང་གིས་ཡིག་ཆ་རེ་བཀྲམ་ཡོད་པའི་ནང་ལ། དེ་སྔ་རྒྱ་གར་ལ་སོང་མྱོང་བ་རྣམས་དང༌། ཆབ་སྲིད་ཀྱི་ནག་ཉེས་ཕོག་མྱོང་བ་རྣམས། ད་ལོའི་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བའི་ལས་འགུལ་ནང་མཉམ་ཞུགས་མ་བྱས་པ་རྣམས། དེ་མིན་ད་ལོ་དགོན་པའི་ནང་ནས་རྒྱ་ནག་གཞུང་གིས་གནས་དབྱུང་བཏང་བའིི་གྲྭ་པ་བཅས་གཅིག་ཀྱང་དགོན་པའི་ནང་ལ་གཏན་ནས་སྡོད་མི་ཆོག་ཚུལ་ནན་བརྗོད་བྱས་ཡོད་པ་རེད།

གྲྭ་པ་རྣམས་ལ་གྲྭ་པའི་ཐོབ་ཐང་ལག་ཁྱེར་ཟེར་བ་ཞིག་བཟོ་དགོས་ཚུལ་གླེང་བཞིན་ཡོད་ནའང༌། གྲྭ་མང་གིས་དེ་སྔ་ཡོད་པའི་གྲྭ་པ་ཚང་མ་བསྐྱར་དུ་དགོན་པའི་ནང་ཡོང་མ་བཅུག་པ་ཡིན་ན། ལག་ཁྱེར་གཏན་ནས་ལེན་རྒྱུ་མིན་ཚུལ་གྱིས་དེ་ལ་མོས་མཐུན་གནང་གི་མེད་པར་མ་ཟད། དེའི་སྐོར་གླིང་བར་སོགས་ལ་ཡི་གེ་སྦྱར་འགྲེམས་བྱས་པ་སོགས་ཀྱི་གནས་ཚུལ་ཡང་ཡོང་གི་ཡོད་འདུག

ཕྱི་ཚེས་༡༥ ཉིན་བོད་ཁམས་རྟའུ་ནས་དཔའ་བོ་ཚེ་དབང་ནོར་བུས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་བའི་ཉིན་མོ་དེར་རྔ་པའི་ས་ཁུལ་ཡོངས་ལ་ཁ་པར་གྱི་བརྡ་རྟགས་བཅད་ཡོད་པ་དང༌། དེ་རྗེས་རྔ་པའི་ཕྱོགས་ཡོངས་ལ་དམག་མི་མང་པོ་འགྲེམས་འཇོག་གིས་དམ་དྲག་སྔར་བས་ཤུགས་ཆེ་རུ་བཏང་ཡོད་འདུག

ཕྱི་ཟླ་༣ ཚེས་༡༦ རྗེས་ནས་ད་བར་རྔ་པའི་ཁྲོམ་གཞུང་དུ་ཡོད་པའི་དྲ་རྒྱ་ཁང་གཅིག་ཀྱང་སྒོ་ཕྱེ་མེད་པར་མུ་མཐུད་སྒོ་རྒྱག་བཅུག་ཡོད་ལ། ལག་ཁྱེར་ཁ་པར་ནས་འཕྲིན་ཐུང་གཏོང་ལེན་བྱེད་རྒྱུ་ཡང་མུ་མཐུད་བཀག་བསྡོམས་བྱས་ཡོད་འདུག །

{jcomments on}