སྨན་པ་མཁྱེན་རབ་ཀྱིས་སྤྱི་འཐུས་ལས་འཁུར་དམ་འབུལ་ཞུས་པ།
དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་རྒྱའི་ནང་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༨ ཚེས་༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༡༥ སྟེང་སྨན་པ་མཁྱེན་རབ་རྒྱ་མཚོས་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་དུ་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་མདུན་ལས་འཁུར་དམ་འབུལ་ཞུས་ཡོད་པ་དང༌། མཛད་སྒོའི་སྐབས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་ཁྲིམས་སྒྲིག་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི། ཚོགས་དྲུང་བཅས་ལྷན་བཅར་གནང་ཡོད།
དམ་འབུལ་མཛད་སྒོ་གྲུབ་བསྟུན། སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་དང་རྒྱུན་ལས་རྣམ་པ། ཁྲིམས་སྒྲིག་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི། ཚོགས་དྲུང་བཅས་ནས་སྨན་པ་མཁྱེན་རབ་རྒྱ་མཚོ་ལགས་ལ་མཇལ་དར་བསྒྲོན་པ་དང༌། ཚོགས་དྲུང་ལས་ཁུངས་རྟེན་འབྱུང་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་ཡོད་པ་རེད།
སྨན་པ་མཁྱེན་རབ་རྒྱ་མཚོ་ནི་ ༡༩༧༠ ལོར་མཚོ་སྔོན་ཁྲི་ཀའི་ཡུལ་དུ་སྐྱེས་ཤིང་། བོད་ནས་སློབ་གྲྭ་ཆུང་འབྲིང་སོགས་རིམ་པར་ཐོན་རྗེས་༡༩༩༡ ལོའི་ཟླ་༡ ནང་བཙན་བྱོལ་དུ་འབྱོར། ལོ་དེར་བོད་གཞུང་ཤེས་རིག་ཁྱབ་ཁོངས་ཀྱི་གཏན་སློབ་དགེ་རྒན་བྱས། ༡༩༩༢ ལོ་ནས་༡༩༩༦ བར་བོད་གཞུང་སྨན་རྩིས་མཐོ་སློབ་ཁང་དུ་གསོ་བ་རིག་པར་བསླབས་ཏེ་སྨན་པ་བཀའ་བཅུ་པ་མཐར་ཕྱིན། ༡༩༩༧ ལོར་བཟུང་སྨན་པའི་ལས་སུ་ཞུགས། ༡༩༩༨ ལོར་ནས་སྨན་རྩིས་མཐོ་སློབ་ཁང་གི་སྨན་དགེའི་ལས་འཁུར་ཞུས་ཏེ་ད་བར་ལོ་ངོ་བཅུ་གསུམ་འདས། ༢༠༠༣ ལོར་ནས་ད་བར་སུད་སི་དང༌། ཧྥ་རན་སི། འཇར་མན། ཨ་རི་སོགས་སློབ་ཆེན་ཁག་ལ་བོད་ཀྱི་གསོ་བ་རིག་པའི་གཏམ་བཤད་དང་། ཚོགས་འདུ། བརྟག་དཔྱད་སྨན་བཅོས་ཀྱི་ཆེད་ཐེངས་མང་བསྐྱོད།
༢༠༠༥ ལོར་༧གོང་ས་མཆོག་གིས་བོད་གཞུང་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ལས་འཕར་ལ་བསྐོ་གཞག་བསྩལ་པ་ལྟར་ལས་འཁུར་ཞུས། ༢༠༠༧ ལོར་བོད་སྨན་གྱི་ནང་དོན་གསལ་བྱེད་བདུད་རྩིའི་འོད་སྣང་ཞེས་པའི་དཔེ་དེབ་ཅིག་སུད་སིའི་དཔར་ཁང་ཞིག་ཏུ་འཇར་མན་སྐད་ཡིག་ནང་དཔར་སྐྲུན་གྱིས་རྒྱལ་སྤྱིའི་སྟེང་འགྲེམས་སྤེལ་བྱས། ༢༠༠༡ ལོར་ནས་ད་བར་མདོ་སྨད་མནའ་འབྲེལ་རྩོམ་སྒྲིག་ཚོགས་ཆུང་གི་ལས་འཁུར་ཞུ་མུས་ཡིན། ༢༠༡༠ ལོར་ཨ་རིའི་ཨེ་མོ་རེའི་གཙུག་ལག་སློབ་གྲྭ་ཆེན་མོར་དབྱིན་ཡིག་སློབ་སྦྱོང་དང་འབྲེལ་བོད་སྨན་སློབ་ཁྲིད་ཆེད་མགྲོན་འབོད་བཞིན་ཟླ་༥ རིང་བསྐྱོད། ༢༠༡༠ ལོར་བོད་གཞུང་སྨན་རྩིས་མཐོ་སློབ་ཁང་གི་ལོ་རྒྱུས་དྲི་མེད་གསེར་ཞུན་ཞེས་པ་སྨན་རྩིས་ཁང་ལོ་ལྔ་བཅུ་འཁོར་བའི་རྗེས་དྲན་གྱི་ཆེད་དུ་བྲིས། ༢༠༠༩ ལོར་སྨན་རམས་པའི་ལག་ཁྱེར་ཐོབ་རྗེས་སྨན་རྩིས་མཐོ་སློབ་ཁང་གི་སློབ་སྤྱི་གཞོན་པར་བསྐོ་གཞག་གནང་བ་ལྟར་ལས་འཁུར་ཞུ་བཞིན་ཡོད། །