༧གོང་ས་མཆོག་དང་ཨི་སི་ཊོ་ནི་ཡའི་སྲིད་འཛིན་མཇལ་འཕྲད།
མཇལ་འཕྲད་གྲུབ་རྗེས་ཉམས་ཞིབ་ཁང་དེར་བོད་ཀྱི་གནད་དོན་ཐོག་བགྲོ་གླེང་ཚོགས་འདུ་ཞིག་ཀྱང་ཚོགས་པའི་སྐབས་སུ་ཉམས་ཞིབ་ཁང་དེའི་ལས་བྱེད་པས་གཙོས། ཚོགས་པ་འདྲ་མིན་ནས་ཕེབས་པའི་མཁས་དབང་དང་། རྩོམ་པ་པོ། དེ་བཞིན་རྒྱལ་སྤྱིའི་ལས་དོན་ཐོག་དོ་སྣང་ཤུགས་ཆེ་ཡོད་རིགས་མི་སྣ་ཁག་གཅིག་ཀྱང་མཉམ་ཞུགས་གནང་ཡོད་པ་རེད།
དེ་ནས་༧གོང་ས་མཆོག་ཨི་སི་ཊོ་ནི་ཡའི་གྲོས་ཚོགས་(Riigikogu) སུ་ཆིབས་སྒྱུར་སྐབས་ཨི་སི་ཊོ་ནི་ཡའི་མི་རིགས་དང་ཡུལ་སྐོར་སྤྲོ་འཆམ་པ་ཁག་གཅིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ་གྲུབ་རྗེས་གྲོས་ཚོགས་སུ་ཨི་སི་ཊོ་ནི་ཡའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང། གྲོས་ཚོགས་ཀྱི་འཐུས་མི། སྲིད་བློན་ལས་ཚབ། ཨི་སི་ཊོ་ནི་ཡའི་བདེ་སྲུང་བློན་ཆེན་བཅས་དང་མཇལ་འཕྲད་མཛད།
ཉིན་གུང་ཨི་སི་ཊོ་ནི་ཡའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོས་༸གོང་ས་མཆོག་ལ་གོ་སྒྲིག་ཞུས་པའི་ཉིན་གུང་ལྗགས་སྨིན་སྐབས་ཨི་སི་ཊོ་ནི་ཡའི་བདེ་སྲུང་བློན་ཆེན་དང་སྲིད་བློན་ལས་ཚབ་གཅིག་ལྕོགས་སྐུ་ཞབས་མར་ཊི་ལར་མཆོག་ཀྱང་ཕེབས་ཏེ། ༸གོང་ས་མཆོག་དང་མཇལ་འཕྲད་ཀྱིས་གསོལ་སྟོན་དགྱེས་བཞེས་མཛད།
༧གོང་ས་མཆོག་ཨི་སི་ཊོ་ནི་ཡ་དང་ལ་ཊི་ཝི་ཡ་(Latvia)། ལི་ཐུ་ཨ་ནི་ཡའི་(Lithuania)བཅས་ཀྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་བ་དང་། ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་བཅས་ཀྱི་ལྷན་ཚོགས་སར་གདན་ཞུ་ལྟར་ཆིབས་སྒྱུར་བསྐྱངས། སྐབས་དེར་མགོན་པོ་གང་ཉིད་ཀྱིས་ད་ལྟའི་བོད་ནང་གི་གནས་སྟངས་སྐོར་དང། རྒྱ་ནག་གཞུང་གི་སྲིད་བྱུས་འོག་བོད་མི་རྣམས་རང་གི་ལུང་པའི་ནང་གྲངས་ཉུང་མི་རིགས་སུ་གྱུར་ཡོད་པ་དང་། ལྷ་སར་རྒྱ་ནག་གཞུང་གིས་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱས་པ་དེ་ཆབ་སྲིད་ཀྱི་དགོས་མཁོ་ཞིག་ལས་དཔལ་འབྱོར་གྱི་དགོས་མཁོ་གཙོ་བོ་མིན་པ་ནི་རྒྱ་ནག་གི་དཔོན་རིགས་ཚོས་ཀྱང་འགྲེལ་བརྗོད་བྱས་ཡོད་སྐོར་སོགས་དང། ཕྱོགས་མཚུངས་བོད་ནང་རྒྱ་གཞུང་གིས་ཤིང་ནགས་གཅོད་འབྲེག་དང་གཏེར་ཁ་སྔོག་འདོན་བྱས་པར་བརྟེན། བོད་ཀྱི་ཁོར་ཡུག་གནས་སྟངས་དེ་བཞིན་ད་ཆ་ཧ་ཅང་གཉན་འཕྲང་ཅན་ཞིག་ཏུ་གྱུར་ཡོད་ནའང་བཟང་ཕྱོགས་ཀྱི་རེ་བ་རྒྱག་རྒྱུ་ཡོད་པ་ནི་གཞིས་ལུས་བོད་མི་རྒྱ་ཆེའི་མང་ཚོགས་ཀྱི་ཆོད་སེམས་དང་སྙིང་སྟོབས་ཞུམ་པ་མེད་པར་གནས་ཡོད་ཅེས་སོགས་ཀྱི་བཀའ་སློབ་བསྩལ།
གསོལ་སྟོན་གྲུབ་བསྟུན་༸གོང་ས་མཆོག་གིས་ལི་བྷར་ཊི་སི་ཁེ་ཡར་(Liberty Square) ཞེས་པའི་ས་གནས་དེར་མང་ཚོགས་ལ་ཀུན་ཁྱབ་འགན་འཁུར། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་བསྩལ། དེ་ཡང་མཛད་སྒོའི་ཐོག་མར་ཆིབས་སྒྱུར་གོ་སྒྲིག་ཚོགས་ཆུང་ཨི་སི་ཊོ་ནི་ཡ་ནང་པའི་ཆོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་སེ་ཝེན་གུ་རུན་བྷར་གྷ་(Mr.Sven Grunberg)མཆོག་དང་སྐུ་ཞབས་ཨེན་ཌེ་རེ་སི་ཧར་ཀིལ་གཉིས་ཀྱིས་ཐེངས་འདིར་༸གོང་ས་མཆོག་ཨི་སི་ཊོ་ནི་ཡར་ཆིབས་སྒྱུར་བསྐྱངས་པ་དེས་ཨི་སི་ཊོ་ནི་ཡའི་གནད་ཡོད་མི་སྣ་ཚོས་མཇལ་འཕྲད་ཞུ་རྒྱུ་བྱུང་བ་དེ་ནི་ཨི་སི་ཊོ་ནི་ཡའི་བྱུང་རབས་ལོ་རྒྱུས་ནང་རིན་ཐང་ཅན་ཞིག་ཆགས་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་།
དེ་རྗེས་༸གོང་ས་མཆོག་གིས་མང་ཚོགས་ལ་བཀའ་སློབ་སྩོལ་སྐབས་དེ་སྔ་ཁུལ་དེར་ཆིབས་སྒྱུར་ཐེངས་གཉིས་བསྐྱངས་པའ་སྐོར་དང་། ཡུལ་དེར་དེ་སྔ་ལོ་ ༢༠ ཙམ་གྱི་སྔོན་ཟིང་འཁྲུག་དང་དཀའ་ངལ་གྱི་དུས་སྐབས་སུ་ཨི་སི་ཊོ་ནི་ཡའི་མི་མང་ཚོས་སྙིང་སྟོབས་ལྡན་པའི་ཐོག་དཀའ་ངལ་ལ་གདོང་ལེན་བྱས་པར་བསྔགས་བརྗོད་མཛད། དེ་བཞིན་དེ་སྔ་དམར་ཤོག་གི་དབང་བསྒྱུར་འོག་ལོ་མང་རིང་དཀའ་སྡུག་མྱངས་རྗེས་ཨི་སི་ཊོ་ནི་ཡའི་མི་མང་ཚོས་དཔའ་ངར་ལྡན་པའི་ཐོག་ནས་རང་བཙན་དང་མང་གཙོའི་ཁེ་དབང་ཆེད་འཐབ་རྩོད་བྱས་མཐར་རྒྱལ་ཁ་ཐོབ་སྟེ། ད་ཆ་ཡང་དག་པའི་མང་གཙོའི་རིང་ལུགས་འོག་བསྐྱོད་བཞིན་པ་དེར་དམིགས་བསལ་བསྔགས་བརྗོད་མཛད། ཕྱོགས་མཚུངས་འབྱུང་འགྱུར་གནས་སྟངས་ཇི་འདྲ་ཞིག་ཡོང་མིན་སུ་ལའང་རྒྱུས་མངའ་མེད་སྟབས། རང་གི་མི་ཚེའི་ནང་རེ་བ་བཟང་ས་ནས་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། གལ་ཏེ་རེ་བ་དང་བྲལ་ཚེ་གནས་ཚུལ་སྡུག་པོ་དེ་འདྲ་མང་པོ་ཞི་འབྱུང་སྲིད་པར་བརྟེན། རེ་བ་བཟང་ས་ནས་བརྒྱབ་སྟེ་འཚེ་མེད་ཞི་བའི་ལམ་འབའ་ཞིག་ལ་བསྟེན་དགོས་པ་ཧ་ཅང་གལ་ཆེ་ཡིན་སྐོར་སོགས་ཀྱི་བཀའ་སློབ་བསྩལ། དེ་རྗེས་ཉེ་འདབས་སུ་རྣམ་གྲྭ་དགེ་འདུན་པས་བཞེངས་པའི་རྡུལ་མཚོན་དཀྱིལ་འཁོར་ལ་རབ་གནས་མཛད་ཡོད་པ་རེད།།
གནས་ཚུལ་ཡོང་ཁུངས་tibet.net