དྲག་སྤྱོད་པས་ཨི་ཟི་རལ་གྱི་མི་བདུན་བསད་པ།
དེ་ནས་ཨི་ཟི་རལ་གྱི་དམག་མིས་གཏོར་རྒོལ་བྱེད་མཁན་ཚོ་རྗེས་འདེད་བཏང་སྟེ། དྲག་སྤྱོད་པ་མི་བདུནབསད་ཡོད་པ་རེད།
ཉེ་ཆར་ཨི་ཇིབ་ནང་མི་མང་གི་ཞི་རྒོལ་ཆེན་པོ་བྱུང་བའི་རྗེས་ཡུལ་དེའི་ཆབ་སྲིད་ཀྱི་གནས་སྟངས་དེ་ཇེ་ཞན་དུ་ཕྱིན་ཡོད་པ་དང་། བདུན་ཕྲག་སྔོན་མའི་ནང་ཨི་ཇིབ་ཀྱི་དམག་མི་སྟོང་ཕྲག་འགའ་ཤས་ཀྱིས་སཱི་ན་ཡའི་ས་ཁུལ་དུ་ཨལ་ཁེ་དྷ་དང་འབྲེལ་བ་ཡོད་པའི་འཇིགས་སྐུལ་བ་ཚོའི་ཐོག་དྲག་རྒོལ་གི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།
ཨི་ཟི་རལ་བདེ་སྲུང་བློན་ཆེན་ཨི་ཧུཌ་བྷ་རཀ་གིས་ཨི་ཟི་རལ་ནང་གཏོར་རྒོལ་བྱེད་མཁན་ཚོའི་ལྟེ་གནས་དེ་པེ་ལི་ས་ཊེན་གྱི་གྷ་ཛཱ་ས་ཁུལ་ནང་ཡོད་པ་བསྐྱར་ཟློས་བྱས་ཡོད་པ་དང་། ཉིན་དེ་གའི་རིང་ཨི་ཟི་རལ་གྱི་མཁའ་དམག་གནམ་གྲུ་ཞིག་གིས་གྷ་ཛཱ་ས་ཁུལ་དུ་ཡོད་པའི་པེ་ལི་ས་ཊེན་གྱི་ཁ་ཆེའི་ཆོས་དམག་པཱི་ཨར་སི་ཞེས་པའི་ལྟེ་གནས་ལ་གཏོར་རྒོལ་བཏང་སྟེ་ཚོགས་པ་དེའི་འགོ་གཙོ་ཞིག་བསད་ཡོད་པ་རེད།
པེ་ལི་ས་ཊེན་གྱི་ཁ་ཆེ་ཆོས་ལུགས་ཚོགས་པ་ཧཱ་མ་ས་ཡིས་ཨི་ཟི་རལ་གྱི་བྱ་སྤྱོད་དེར་སྐྱོན་བརྗོད་ཆེན་པོ་བྱས་ཏེ། ཧཱ་མ་ས་ཚོགས་པ་དང་ཨི་ཟི་རལ་གཉིས་དབར་དམག་འཁྲུག་མཚམས་འཇོག་གི་གྲོས་མཐུན་བཞག་པ་དེ་ནུས་མེད་དུ་བཏང་ཡོད་པ་རེད། ཕྱི་ཚེས་ ༢༠ ཉིན་ཨི་ཇིབ་གྱིས་ཨི་ཟི་རལ་ནང་དུ་ཡོད་པའི་རང་གི་གཞུང་ཚབ་སྐད་བཏང་སྟེ། ཨི་ཟི་རལ་དམག་མི་ནས་སཱི་ན་ཡའི་ནང་འཇིགས་སྐུལ་བ་ཚོའི་ཐོག་རྒོལ་ལན་བྱེད་པའི་རིང། ཨི་ཇིབ་ཀྱི་ས་མཚམས་སྲུང་སྐྱོབ་པ་མི་གསུམ་བསད་ཡོད་པ་དེའི་ཐོག་འཕྲལ་དུ་ཞིབ་འཇུག་བྱེད་དགོས་སྐོར་བརྗོད་ཡོད་པ་རེད།།