འཚུབ་ཆ་ལངས་སོང

སྣ་མང་འདུས་པའི་བགྲོད་ལམ་ངོགས་སུ།།

འཚོ་བ་གསར་བའི་འཛུམ་རས་ངོམ་པའི།།

མདུན་བསྐྱོད་གོམ་པའི་རྡོག་སྒྲ་ཉན་དུས།།

ང་ཡི་སེམས་ལ་འཚུབ་ཆ་ལངས་སོང་།།

མཚམས་སྤྲིན་གསར་བའི་གོས་བཟང་གྱོན་པའི།།

འོད་སྟོང་འཕྲོ་བའི་བཅུ་གཉིས་བདག་པོ།།

ལྷ་ལམ་དབྱིངས་སུ་དལ་བུར་བསྐྱོད་ཚེ།།

ང་ཡི་སེམས་ལ་འཚུབ་ཆ་ལངས་སོང་།།

དཀར་དམར་བཞད་པའི་མེ་ཏོག་ཚལ་ན།།

མགྲིན་ངག་སྙན་མོའི་གླུ་དབྱངས་གྱེར་བའི།།

རྐང་དྲུག་གཞོན་ནུའི་གཤོག་རྩལ་ངོམ་ཚེ།།

ང་ཡི་སེམས་ལ་འཚུབ་ཆ་ལངས་སོང་།།

མུན་པ་བྱེར་བའི་རི་གྲོང་ཞིག་ན།།

ཁ་དོག་བྲལ་བའི་འཚོ་བ་རོལ་སྐབས།།

རྣ་བུར་སུམ་པའི་ཀི་རིང་ཞིག་གིས།།

ང་ཡི་སེམས་ལ་འཚུབ་ཆ་ལངས་སོང་།།

༢༠༡༡ ༨ ༢༡