བདུན་གཅིག་རིང་གི་རྟའུའི་ཉིན་རེའི་གནས་ཚུལ་ཕྱོགས་བསྡུས།
ཚེས་༡༥ ཉིན་རྒྱ་ནག་ལྷོ་ནུབ་ཞིང་ཆེན་སི་ཁྲོན་ཁོངས་སུ་བཅད་བགོས་བྱས་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ཁོངས་གཏོགས་ཁམས་རྟའུ་རྫོང་། ཉ་མཚོ་དར་རྒྱས་དགོན་པའི་གྲྭ་ཚེ་དབང་ནོར་བུ་(ཡོངས་གྲགས་ནོར་ཁོ།)ལགས་ཀྱིས་“བོད་ལ་རང་དབང་དགོས། ང་ཚོར་མཐོང་ཆུང་བྱེད་ཀྱི་འདུག རྩ་བའི་བླ་༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་ཞུ་དགོས།” ཞེས་སྐད་འབོད་བྱས་པ་དང་། གོང་འཁོད་འབོད་ཚིག་འཁོད་པའི་ཡིག་ཆ་གང་སར་བཀྲམ་རྗེས་ཁོང་གིས་སྣུམ་བཏུང་ཞིང་ལུས་ལ་ས་སྣུམ་བྱུགས་ནས་མི་མང་འདུ་འཛོམས་བྱེད་སའི་རྫོང་དཀྱིལ་ཀྱི་ཟམ་པ་ཞིག་གི་སྟེང་དུ་སྐུ་ལུས་ལ་མེ་སྤར་ནས་སྐར་མ་བཅུ་ལྷག་ཙམ་གྱི་ནང་སྐུ་གྲོངས་ཡོད་པ་རེད་འདུག ཛ་དྲག་གི་གནས་ཚུལ་དེ་ཉ་མཚོ་དགོན་པའི་དགེ་འདུན་པས་ཤེས་ཏེ་སྐུ་ཕུང་ཁ་བཏགས་སེར་པོས་གཡོགས་སྟེ་དགོན་པའི་ནང་དུ་བླངས་ཡོད་འདུག
གནས་ཚུལ་དེ་ནི་རྒྱ་གར་རང་བཙན་དུས་དྲན་གྱི་ཉིན་མོར་ཁེལ་ཡོད་པ་དང་། བོད་ནང་གི་ཉིན་རྒྱབ་ཆུ་ཚོད་ ༡༢ དང་ཕྱེད་ཙམ་ལ་བྱུང་བ་རེད། རྟའུ་ས་གནས་ནས་འབྱོར་བའི་ཁུངས་ལྡན་གནས་ཚུལ་ལྟར་ན། རྒྱལ་གཅེས་དཔའ་བོ་ཁོང་གིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་དེ་ལམ་སང་རྟའུ་རྫོང་གི་ས་གནས་གང་སར་ཁྱབ་པ་དང་། རྫོང་ཉེན་རྟོག་པ་དང་དམག་མི་སྟོང་ཕྲག་མང་པོས་ཕྲལ་དུ་དགོན་པའི་མཐའ་བསྐོར་ཏེ། དམ་པ་ཚེ་དབང་ནོར་བུའི་ཕུང་པོ་དགོན་པ་ནས་ལེན་ཐབས་བྱས་ཡོད་པ་རེད།
རིམ་བཞིན་མི་སེར་མང་པོ་དགོན་པའི་ཕྱོགས་སུ་འདུས་ནས་དགོན་པ་སྲུང་སྐྱོབ་བྱས་ཡོད་པ་དང་། ཉ་མཚོ་དགོན་པའི་གྲྭ་རྒྱལ་མཚན་ཞུ་བ་དགོན་པའི་ནང་འཛུལ་ཐབས་བྱེད་སྐབས་དམག་གིས་བཟུང་ནས་ཉེས་རྡུང་གཏོང་ཞོར་བཙན་ཁྲིད་བྱས་འདུག དགེ་འདུན་བྱིངས་ཀྱིས་དམ་པ་ཚེ་དབང་ནོར་བུའི་སྐུ་ཕུང་རྒྱ་དམག་གི་ལག་ཏུ་མ་ཤོར་བར་སྲུང་ནས་བསྡད་པ་དང་། མཚན་མོ་ཆུ་ཚོད་ ༡ ནས་ ༢ པའི་བར་དུ་དགོན་པར་འདུ་འཛོམས་བྱུང་བའི་མི་མང་གིས་མཆོད་འབུལ་བསྔོ་སྨོན་བྱས། ཆུ་ཚོད་ ༢ པ་ནས་ ༥ པའི་བར་དུ་ “ང་ཚོར་རང་དབང་མི་འདུག ང་ཚོར་འགྲོ་བ་མིའི་ཐོང་དགོས། གྲྭ་རྒྱལ་མཚན་ཀློད་གྲོལ་དགོས་ཀྱི་ཡོད།” ཞེས་མི་མང་གིས་སྐད་འབོད་བྱས་ཡོད་འདུག དགོང་མོ་དེར་ས་གནས་ཀྱི་ཁ་པར་འབྲེལ་ལམ་ཡང་བཅད་ཡོད་པ་རེད།
གནས་ཚུལ་དེའི་འབྱུང་རྐྱེན་གཙོ་བོ་ནི་ཁམས་རྟའུ་ཁུལ་དུ་སྔ་ཕྱིར་བོད་དོན་ཆེད་ཞི་བའི་ལས་འགུལ་རབས་དང་རིམ་པ་མང་པོ་སྤེལ་ཡོད་པ་དང། ལོ་ལྟར་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་བྱེད་བཞིན་ཡོད་ཀྱང་། ད་ལོར་རྫོང་སྲིད་གཞུང་གིས་བཀག་འགོག་བྱས་པས་མ་ཚད། ཉ་མཚོ་དགོན་པ་དང་། བྲག་དཀར་བཙུན་དགོན་སོགས་སུ་ཆུ་དང་གློག་བཅད་དེ་དམ་དྲག་སུན་གཙེར་སྣ་སོགས་བྱས་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་འདུག (ཚེས་ ༡༦ པའི་ཞོགས་པར་གྲྭ་རྒྱལ་མཚན་ཀློད་གྲོལ་བཏང་ཡང་ཉེས་རྡུང་ཆེན་པོ་བཏང་ཡོད་འདུག )
ཚེས་ ༡༦ ཉིན་ཕྱོགས་གཅིག་ནས་རྟའུ་ས་གནས་གང་ས་ནས་བོད་རིགས་མང་ཚོགས་མང་པོ་ཞིག་དགོན་པ་སྲུང་སྐྱོབ་དང་འདས་པོར་བསྔོ་སྨོན་ཆེད་འབྱོར་ཡོད་པ་དང་། ཕྱོགས་གཞན་ནས་དྲག་ཆས་ཅན་གྱི་དམག་མི་མང་པོ་འབྱོར་ནས་དགོན་པར་དམ་དྲག་ཆེན་པོ་བྱས་འདུག རྟའུ་ནས་ཡར་དཀར་མཛེས་ཕྱོགས་སུ་འགྲོ་སའི་ནཱ་ཝ་གྲོང་པའི་འགྲམ་གྱི་ཟམ་ཆེན་དང་། མར་མི་ཉག་དང་རྒྱ་ནག་ཕྱོགས་སུ་འགྲོ་སའི་ལམ་གྱི་རྩཱོ་རུ་ཟམ་པ་བཅས་དྲག་ཆས་སྤྲས་པའི་དམག་གིས་བཟུང་ནས་ལམ་འགྲོ་བ་བཀག་ཡོད་པ་དང་། དེ་བཞིན་ལི་ཐང་དང་། རྟའུ་ཁང་གསར། ཤང་ཉག་ལུང་པ་བཅས་ཀྱི་རྟའུ་མི་སེར་དགོན་པར་ཡོང་བཞིན་པ་རྣམ་དམག་གིས་བགག་ཡོད་འདུག་ལ། མི་མང་གིས་དགོན་པ་སྲུང་སྐྱོབ་དང་། འདས་པོ་ཚེ་དབང་ནོར་བུའི་ཆེད་དུ་བསྔོ་སྨོན་བྱེད་དུ་འགྲོ་དགོས་ཡོད་པ་དང་། བོད་ལ་རང་དབང་དགོས་པའི་སྐད་འབོད་བྱས་པ་རེད། ད་དུང་མི་སེར་མང་པོ་ཞིག་རི་དང་ལུང་པ་གཞན་དག་བརྒྱུད་ནས་དགོན་པའི་ཕྱོགས་སུ་ཐོན་ཡོད་འདུག དམག་གིས་ལས་དོན་གཙོ་བོ་དགོན་པའི་ཕྱི་ནང་ལ་འགྲོ་འོང་བཅད་པ་དང་། ཁུལ་དེའི་སློབ་གྲྭ་དང་ཚོང་ཁང་སོགས་ཀྱང་སྒོ་རྒྱག་བཅུག་ནས་རྫོང་ཐོག་གི་མི་མང་འདུས་སྡོད་བྱེད་སའི་ས་ཁུལ་ཁག་དང་། ལམ་ཆེན་ཁག་འགོག་སྲུང་དམ་པོ་བྱས་ནས་མི་མང་འདུ་འཛོམས་དང་འགྲོ་བསྐྱོད་ཀྱི་རང་དབང་དམ་དྲག་ཆེན་པོ་བྱས་ཡོད་པ་རེད་འདུག
ཉ་མཚོ་དགོན་པ་དང་བྲག་དཀར་བཙུན་དགོན་གཉིས་ཀྱི་གློག་བཅད་པ་དང་། ཉ་མཚོ་དགོན་པའི་འཐུང་ཆུ་ཕྱི་རོལ་ནས་ལེན་དགོས་ཡོད་ཀྱང་འཐུང་ཆུ་ལེན་པར་མ་བཏང་བར་བཀག་འགག་བྱས་ཡོད་འདུག ད་དུང་ཉིན་མོ་དེར་ཉ་མཚོ་དགོན་འདབས་སུ་སྤོ་ལོ་རྩེད་ཐང་ཞིག་ཡོད་པ་དེ་ཡང་སི་ཁྲོན་ཞིང་ཆེན་གྱི་དམག་མི་རེད་ཟེར་བའི་དམག་གི་རླངས་འཁོར་མང་པོས་ཁེངས་བར་བྱས་ཡོད་པ་རེད་འདུག
ཚེས་ ༡༧ ཉིན་རྟའུ་ཉ་མཚོ་དགོན་པ་དང་ས་གནས་མི་མང་ལ་དམ་དྲག་སྔར་ལས་ཆེ་བ་བྱེད་ཀྱི་ཡོད་པ་དང་། ཉ་མཚོ་དགོན་པས་རྒྱ་ནག་ལ་དམ་པ་ཚེ་དབང་ནོར་བུའི་སྐུ་ཕུང་རྩིས་སྤྲོད་མ་བྱས་པར་བརྟེན། སྲིད་གཞུང་གིས་སྐུ་ཕུང་ག་རེ་བྱེད་ན་དགོན་པ་ནས་མེད་པ་བཟོ་དགོས་པའི་བཙན་བཀའ་བཏང་བར་བརྟེན། བོད་ནང་གི་ཞོགས་པའི་ཆུ་ཚོད་ ༧ པའི་ཐོག་དམ་པ་དེའི་སྐུ་ཕུང་དམིགས་བསལ་དགོན་པའི་ལྕགས་རི་ནང་དུ་ཞུགས་འབུལ་བྱེད་དགོས་བྱུང་ཡོད་པ་དང་། སྐབས་དེར་ཉེན་རྟོག་མི་སྣས་དགོན་པའི་དགེ་འདུན་པ་ཁོ་ན་ལས་མི་གཞན་ཡོངས་རྫོགས་བཀག་འགོག་བྱས་པ་མ་ཟད། ཐ་ན་ཞུགས་འབུལ་བྱ་ཡུལ་གྱི་མཐའ་སྐོར་ཡོངས་སུ་དྲག་ཆས་གོ་མཚོན་ཐོགས་པའི་དམག་གིས་རིམ་པ་གསུམ་གྱིས་བསྐོར་ནས་ལྟ་སྲུང་ནན་པོ་བྱས་ཏེ་ཞུགས་འབུལ་བྱེད་དུ་བཅུག་པའི་གནས་ཚུལ་བྱུང་ཡོད་འདུག
རྫོང་དང་དགོན་པའི་ཉེ་འདབས་སུ་བོད་རིགས་མང་ཚོགས་ ༡༠༠༠༠ ལྷག་འཛོམས་ཏེ་འདས་པོའི་ཞུགས་འབུལ་སྐབས་མྱ་ངན་ཞུས་ཡོད་འདུག་ལ། མང་ཚོགས་ཀྱིས་དམ་པ་ཚེ་དབང་ནོར་བུའི་སྐུ་ཕུང་ལ་ཁ་དར་ཙམ་ཡང་གཏོང་རྒྱུའི་རང་དབང་མི་འདུག་ཅེས་སེམས་སྡུག་ཆེན་པོ་བྱས་ཡོད་འདུག ད་དུང་ར་སྤྲུ་བཙུན་དགོན་དང་བྲག་དཀར་ནས་བཙུན་མ་ཁག་ཅིག་ཕུང་པོ་ཞུགས་འབུལ་ཞུ་ཡུལ་དུ་ཕེབས་པའི་ལམ་བར་དུ་དྲག་ཆས་གོ་མཚོན་ཐོགས་པའི་རྒྱ་དམག་མིས་བཀག་འགོག་བྱས་པའི་རྐྱེན་གྱིས་བཙུན་མ་ཚོས་ངུ་འབོད་བྱེད་པ་དང་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་བསྟན་ཡོད་འདུག རྟའུ་ནས་ཕྱི་ལོགས་སུ་འགྲོ་འོང་བྱེད་མཁན་གྱི་འགྲུལ་པ་ཚང་མར་ཉེན་རྟོག་པས་ཞིབ་བཤེར་ནན་མོ་བྱེད་ཀྱི་ཡོད་འདུག མི་མང་གིས་དགོན་པ་ཁག་ལ་ཀློག་དང་འཐུང་ཆུ་སྤྲོད་དགོས་པའི་རེ་སྐུལ་ཞུས་སྟེ། ངོ་རྒོལ་སྐད་འབོད་ཤུགས་ཆེན་བྱས་པར་བརྟེན་ཉ་མཚོ་དགོན་པར་ཀློག་གཏོང་འགོ་བརྩམས་ཡོད་པ་རེད།
ཚེས་ ༡༨ ཉིན་རྟའུ་རྫོང་དང་ཉ་མཚོ་དགོན་པར་དམག་གི་ལྟ་སྲུང་དང་དམ་དྲག་སྔར་བཞིན་ཡོད་ཐོག་བོད་མི་འདུས་སྡོད་ཆེ་ཤོས་ཀྱི་གྲོང་སྡེ་ཁག་ཏུ། དམག་དཔུང་ཕོན་ཆེན་འགྲེམས་འཇོག་གིས་ཉིན་མཚན་དུས་དྲུག་ཏུ་ལྟ་སྲུང་ནན་མོ་བྱེད་ཀྱི་ཡོད་པ་དང་། དཀར་མཛེས་ཁུལ་གྱི་ཧྲུའུ་ཅི་ལིའུ་ཏའོ་པིང་དང་རྟའུ་རྫོང་གི་འགོ་གཙོ་བཅས་དགོན་པར་ཡོང་ནས། ཁྱོད་ཚོ་ཡག་པོ་བྱས་ནས་འདུག་རྒྱུ་ཡོད་ན་སྡོད་དགོས་པ་ལས། དེ་མིན་ཉ་མཚོ་དགོན་པ་སྒོ་བརྒྱབ་ནས་མི་ཚེ་ལ་སྒོ་ཕྱེ་རྒྱུ་མེད་པ་བྱ་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་ཡོད་འདུག ཉ་མཚོ་དགོན་པར་ཡོད་པའི་མི་མང་དང་དགེ་འདུན་པ་དག་དགོན་པའི་ཕྱི་ལོགས་སུ་ཞིབ་བཤེར་ནན་མོ་དང་བཅས་གཏོང་འགོ་བཙུགས་ཡོད་པ་དང་། རྟའུ་རྫོང་ཐོག་གི་སློབ་གྲྭ་ཁག་ཏུ་དམག་མིའི་སྡོད་གནས་བྱས་ཏེ་རྟའུ་རུ་ངོ་རྒོལ་གྱི་དོན་རྐྱེན་བྱུང་ན་དྲག་གནོན་བྱེད་ཆོག་ཆོག་གི་གྲ་སྒྲིག་བྱེད་ཀྱི་ཡོད་འདུག མི་མང་འགྲོ་སྡོད་བྱེད་སའི་ཟ་ཁང་དང་ཚོང་ཁང་དག་ད་དུང་སྒོ་ཕྱེ་མེད་པ་དང་། ར་སྤྲུག་བཙུན་དགོན་ཏུ་ད་དུང་ཀློག་བཏང་མེད་པ་དང་ཉ་མཚོ་དགོན་པར་ཁ་ཟས་དང་འཐུང་ཆུ་དུས་ཐོག་ལེན་ཐུབ་ཀྱི་མེད་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་རེད་འདུག
ཚེས་ ༡༩ ཉིན་ད་དུང་རྟའུ་རུ་དམག་གི་དམ་དྲག་སྔར་བཞིན་བྱེད་ཀྱི་ཡོད་པས་མ་ཚད། དགོན་པའི་ནང་མི་སེར་སུ་གཅིག་ཀྱང་གཏོང་གི་མེད་པ་དང་། དགོན་པའི་ཁ་གཏད་གྱི་རྒྱུག་ཆུའི་ཕ་རོལ་ནས་དགོན་པའི་ཕྱོགས་སུ་དམག་འཐབ་ཀྱི་རླངས་འཁོར་མང་པོ་བཟག་ནས་དྲག་གནོད་བྱེད་ཆོག་ཆོག་གི་གྲ་སྒྲིག་བྱེད་ཀྱི་ཡོད་འདུག
ཚེས་ ༢༠ ཉིན་ད་དུང་རྟའུ་ཉ་མཚོ་དགོན་པ་དང་རྫོང་མི་མང་གི་གནས་སྟངས་སྔར་བཞིན་དམག་གི་དམ་དྲག་འོག་ཡོད་པས་མ་ཚད། རྟའུ་མི་ཚང་སོ་སོའི་མི་རེ་རེ་བཞིན་འདྲ་པར་རེ་རྒྱག་དགོས་ཀྱི་རེད་ཅེས་སྲིད་གཞུང་གི་ལས་སྒྲུབ་མི་སྣས་བོད་རིགས་མི་རེ་རེ་བཞིན་པར་རྒྱག་བཞིན་ཀྱི་ཡོད་པ་དང་། མི་མང་གིས་འདྲ་པར་རྒྱག་རྒྱུར་དང་ལེན་བྱེད་ཀྱི་མེད་པའི་གནས་ཚུལ་བྱུང་ཡོད་འདུག
མི་མང་གིས་འདྲ་པར་བརྒྱབ་པ་ཡིན་ན། རྒྱ་ནག་གིས་ཁོ་རང་ཚོའི་ལས་ཤོག་ཐོག་རྒྱ་ནག་གི་པཎ་ཆེན་ལ་ངོས་ལེན་ཡོད་པ་དང་། ༸རྒྱལ་བ་རིན་པོ་ཆེ་ལ་དགག་པ་རྒྱག་གི་ཡོད་པའི་ཡི་གེ་བྲིས་པའི་ཐོག་མི་མང་གི་འདྲ་པར་སྦྱར་ནས་ཕྱི་ལོགས་སུ་བེད་སྤྱོད་བྱེད་ཀྱི་ཡོད་པའི་དོགས་གནས་འོག་འདྲ་པར་རྒྱག་རྒྱུར་འདོད་པ་བྱེད་ཀྱི་མེད་པའི་གནས་ཚུལ་འདུག དེ་བཞིན་དགོན་པའི་ནང་རྫོང་རིམ་པའི་ལས་སྒྲུབ་རུ་ཁག་ཅིག་གི་མི་སྣ་ཡོང་ནས་དགོན་པའི་གནད་ཡོད་མི་སྣ་ཚོར་འདྲི་གཅོད་བྱེད་བཞིན་ཡོད་པའི་གནས་ཚུལ་ཡང་ཐོན་ཡོད་པ་རེད་འདུག་ལ། ཉ་མཚོ་དགོན་པར་འཐུང་ཆུ་དང་ཟ་མ་དུས་ཐོག་མཁོ་སྒྲུབ་བྱེད་རྒྱུར་བགག་འགོག་མུ་མཐུད་ནས་བྱས་ཡོད་པའི་གནས་ཚུལ་ཡང་འདུག
ཚེས་ ༢༡ ཉིན་རྟའུ་རྫོང་དང་ཉེ་འཁོར་ས་གནས་ཁག་གི་ཁ་པར་བརྒྱུད་ལམ་ཁག་སྔར་ལས་དམ་དྲག་ཆེན་པོས་བཅད་ཡོད་པར་བརྟེན། ས་ཕྱོགས་གང་ནས་ཀྱང་རྟའུ་ཕྱོགས་སུ་འབྲེལ་བ་བྱེད་ཐུབ་ཀྱི་མེད་པ་དང་། དར་མདོ་ཕྱོགས་ནས་ཀྱང་རྟའུ་ཕྱོགས་སུ་རྒྱུན་ལྡན་མ་ཡིན་པའི་དམག་གི་རླངས་འཁོར་འགྲོ་བཞིན་ཡོད་པ་ཙམ་ལས་དམིགས་བསལ་གནས་ཚུལ་ལེན་པའི་ལམ་ཁ་མེད་པར་གྱུར་ཡོད་པ་རེད།
མེ་སོར་གསར་འགོད་པས།