གྲྭ་ཚེ་དབང་ནོར་བུའི་མཛད་རྗེས་ལ་བསྔགས་བརྗོད་ཡོད།
དེ་ཡང་ཟླ་འདིའི་ཚེས་༢༡ ཉིན་གྱི་དགོང་དྲོ་ཆུ་ཚོད་༦ པའི་ཐོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་སློབ་གྲྭའི་གོ་སྒྲིག་འོག བོད་མདོ་ཁམས་རྟའུ་ཉ་མཚོ་དགོན་པའི་རྒྱལ་གཅེས་དཔའ་བོ་གྲྭ་ཚེ་དབང་ནོར་བུ་ལགས་ཀྱིས་རྒྱ་ནག་ལ་ངོ་རྒོལ་བྱས་ཏེ་སྐུ་སྲོག་བློས་བཏང་གནང་ནས་ཞགས་ཞེ་དགུའི་བདུན་ཚིགས་དང་པོའི་ཉིན་མཐའ་མར་ཁོང་གི་ནང་མི་སྤུན་མཆེད་བཅས་ལ་གདུང་སེམས་མཉམ་བསྐྱེད་དང་མྱ་ངན་གུས་འདུད་མཚོན་ཕྱིར། རྗེས་དྲན་བསྔོ་སྨོན་མཆོད་འབུལ་ཞིག་དགའ་བྱང་སློབ་གྲྭའི་སློབ་ཁང་གི་མདུན་ཐང་དུ་འཚོགས་ཡོད་པ་རེད།
དེ་ཡང་ཐོག་མར་བོད་རྒྱལ་ཁབ་རྒྱལ་གླུ་བླངས་རྗེས་སྐུ་གཤེགས་ཚེ་དབང་ནོར་བུ་གཙོས་བོད་བསྟན་སྲིད་མི་རིགས་དང་བཅས་ཀྱི་ཆེད་དུ་ཚེ་སྲོག་བློས་གཏོང་གནང་མཁན་རྣམས་ལ་མྱ་ངན་གུས་འདུད་མཚོན་ཆེད་དུ་ངག་བཅད་སོགས་ཀྱི་ལས་རིམ་གྲུབ་རྗེས། དགའ་བྱང་སློབ་སྤྱི་དགེ་བཤེས་རྣམ་རྒྱལ་རྒྱལ་མཚན་ལགས་ཀྱིས་སྨོན་ལམ་མཆོད་འབུལ་འཚོགས་དགོས་པའི་རྒྱུ་མཚན་སྐོར་ལ་འགྲེལ་བརྗོད་གནང་དོན། “བོད་མི་རིགས་ཆག་འཇིགས་གཉན་ཕྲེང་ཅན་གྱི་དུས་སྐབས་འདིར་རྒྱ་དམར་གུང་ཁྲན་གྱིས་བོད་མིའི་ཆོས་དང་རིག་གཞུང་ཡུལ་སྲོལ་གོམས་གཤིས་སོགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་སྤེལ་དང་སྤེལ་བཞིན་ཡོད་པ་མ་ཟད། ད་ལྟའི་ཆར་ཡང་ང་ཚོའི་ཤེས་རྟོགས་ཡོད་མེད་ལ་མ་ལྟོས་པར་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་གང་མང་ཞིག་གི་ཚེ་སྲོག་ཤོར་བཞིན་ཡོད་པ་རེད། དེ་ཡང་ཆོས་བྱེད་དགེ་འདུན་པའམ་རབ་ཏུ་བྱུང་བ་ཞིག་གིས་ལུས་སྲོག་བློས་གཏོང་བྱེད་དགོས་པའི་གནས་སྟངས་སམ་རྒྱུ་མཚན་ག་འདྲ་བྱས་ནས་བྱུང་བ་རེད་ཟེར་ན། རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་མི་རིགས་འདི་རྩ་མེད་བཟོ་རྒྱུའི་སྲིད་ཇུས་དེས་འོག་ནས་བོད་མི་ས་ཡ་དྲུག་གམ་གཞིས་ཞུགས་ཆོལ་གསུམ་མི་མང་ཡོངས་ལ་རྒྱ་གཞུང་གིས་སྡིག་སྦྱོང་མནར་གཅོད་ཚད་མེད་གཏོང་བཞིན་ཡོད་པ་རེད། ཉིན་རེ་བཞིན་ཛ་དྲག་གི་གནས་སྟངས་ཆགས་ཀྱི་ཡོད་པར་བརྟེན། ཁོང་རྣམ་འུ་ཐུག་ཐབས་ཟད་ནས་ལས་འགུལ་དེ་ལྟར་མི་སྤེལ་ཀ་མེད་ཡིན་པས། མ་འོངས་པར་བོད་རྒྱལ་ཁབ་དང་མི་རིགས་རྩ་མེད་འགྲོ་བར་སེམས་ཀྱི་མ་བཟོད་ནས་ཉེན་ཁ་ལས་མྱུར་སྐྱོབ་ཡོང་བའི་རེ་འདུན་ཐོག་རང་སྲོག་བློས་གཏོང་གི་ལས་འགུལ་འདི་ལྟར་སྤེལ་དགོས་བྱུང་བ་རེད་”ཅེས་འགྲེལ་བརྗོད་གནང་སོང་།
ཁོང་གིས་མུ་མཐུད་གྲྭ་ཚེ་དབང་ནོར་བུ་ལགས་ཀྱི་སྐོར་གསུང་དོན། “ལྷག་པར་དུ་ཉེ་ཆར་ཁམས་རྟའུ་ཉ་མཚོ་དགོན་པའི་རྒྱལ་གཅེས་དཔའ་བོ་གྲྭ་ཚེ་དབང་ནོར་བུ་ལགས་ཀྱིས་བོད་མི་རིགས་དང་རྒྱལ་ཁབ་འདིའི་ཆེད་དུ་སྐུ་ལུས་མེར་བསྲེག་བཏང་བའི་ཁྲོད་བོད་ལ་རང་དབང་དགོས། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། ང་ཚོ་ལ་འགྲོ་བ་མིའི་ཐོབ་ཐང་དགོས་ཞེས་སྐད་འབོད་རྒྱག་བཞིན་དམ་པ་དེ་ཉིད་སྐུ་གཤེགས་ནས་བདུན་ཚིགས་དང་པོ་འཁོར་བར་མྱ་ངན་དང་། རྗེས་དྲན་མཆོད་འབུལ་གྱི་ལས་འགུལ་འདི་ལྟར་སྤེལ་བ་ཡིན་ལ།
དེ་ཡང་ང་ཚོ་དགའ་ལྡན་བྱང་རྩེ་སློབ་གྲྭའི་ནང་སློབ་ཕྲུག་སུམ་བརྒྱ་ལྷག་ཡོད་པ་འདི་དག་གི་ནང་ནས་བརྒྱ་ཆའི་དགུ་བཅུ་ཙམ་ཧི་མ་ལ་ཡི་རི་རྒྱུད་ནས་ཡིན་ཡང་། ཁོང་ཚོས་མ་བསྐུལ་དང་བླངས་ཐོག་སེམས་ཚོར་དྲག་པོ་དང་བཅས་ལས་འགུལ་འདི་ལྟར་སྤེལ་བ་ཞིག་རེད། རྒྱལ་བཅེས་དཔའ་བོ་གྲྭ་ཚེ་དབང་ནོར་བུ་ལགས་ནི་བོད་མི་ས་ཡ་དྲུག་གི་སེམས་ཁོང་ནས་དུས་གཏན་དུ་བརྗེད་མི་ཉན་ལ། ཁོང་དང་ཁོང་གིས་མཚོན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་རེ་བའི་དམིགས་འདུན་གང་ཡིན་པ་དེ་འགྲུབ་པར་ང་ཚོའི་འབད་རྩོན་དང་ཐུགས་སྨོན་སྐྱབས་འཇུག་གནང་དགོས་པ་ཞིག་དང་། གཞན་ཡང་གོ་སྐབས་འདི་བརྒྱུད་ནས་རྒྱ་ནག་དམར་གཞུང་གིས་ད་ལྟ་བོད་ནང་སྤྱི་ཡོངས་དང་ལྷག་པར་དུ་ཁམས་རྟའུ་ས་ཁུལ་དུ་དྲག་གནོན་ཚད་མེད་བྱེད་བཞིན་པ་མྱུར་དུ་མཚམས་འཇོག་བྱེད་རོགས་ཞུ་རྒྱུ་ཡིན། རྒྱལ་གཅེས་དཔའ་བོ་གྲྭ་ཚེ་དབང་ནོར་བུ་དམ་པ་དེ་ཉེད་ཀྱི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་དང་། ཁོང་གི་ནང་མི་སྤུན་མཆེད་ཡོངས་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་བསྐྱེད། སེམས་གསོ་ཚད་མེད་ཞུ་བཞིན་ཡོད་”ཅེས་གསུངས་སོང་།
རྒྱ་གར་ལྷོ་ཕྱོགས་ནས་མོན་གྷོ་གསར་འགོད་པས།