གདུང་སེམས་མཉམ་བསྐྱེད་ཆེད་མར་མེའི་ཁྲོམ་སྐོར།

དེ་བཞིན་ཁམས་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་དང་། མི་མང་ལ་རྒྱ་གཞུང་གིས་ཚད་ལས་བརྒལ་བའི་ཉེས་རྡུང་དང་འཛིན་བཟུང་བཙོན་འཇུག འཇིགས་སྐུལ་དང་དྲག་གནོན་སོགས་ཡ་ང་བའི་བྱེད་ཕྱོགས་དེ་དག་ལ་ངོ་རྒོལ་དང་བོད་མི་མང་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་གཞིས་གྲོང་གསུམ་པའི་སྤྱི་ཁང་མདུན་ཐང་དུ་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཧ་ཅང་གཞི་རྒྱ་ཆེ་བ་ཞིག་སྤེལ་སོང་།

དེ་ཡང་ལས་འགུལ་དེའི་ནང་མཉམ་ཞུགས་གནང་མཁན་དགའ་ལྡན་ཤར་བྱང་གཉིས་གཉིས་དང་། འབྲས་སྤུངས་སྒོ་བློ་གཉིས་ཀྱི་གཙོས་མོན་གྷོ་ས་གནས་ཀྱི་གྲྭ་ཚང་ཁག་དགུ་དང་། གཞིས་གྲོང་ཁག་དགུ་བཅས་ཀྱི་གྲྭ་མང་དང་མི་མང་བཞི་སྟོང་ལྷག་མཉམ་ཞུགས་ཀྱིས་ལག་ཏུ་མར་མེ་དང་བོད་ཀྱི་རྒྱལ་དར། རྒྱལ་གཅེས་དཔའ་བོ་ཚེ་དབང་ནོར་བུའི་འདྲ་པར་བཅས་ཐོགས་ནས་བྱང་ཆུབ་སེམས་མཆོག་མ་གྱེར་བཞིན་ཁོངས་སོ་སོ་ནས་གཞིས་གྲོང་གསུམ་པའི་སྤྱི་ཁང་བར་ཕེབས་ནས་ལས་འགུལ་འགོ་འཛུགས་གནང་ཡོད་པ་རེད།

དེ་ཡང་ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་རྗེས།  བོད་བསྟན་སྲིད་མི་རིགས་དང་བཅས་ཀྱི་ཆེད་སྐུ་གཤེགས་རྒྱལ་གཅེས་དཔའ་བོ་ཚེ་དབང་ནོར་བུ་ལགས་གཙོས་བོད་ཀྱི་དཔའ་བོ་དཔའ་མོ་དག་གི་ཆེད་དུ་མྱ་ངན་ངག་བཅད་སྐར་མ་གཅིག་རིང་གནང་རྗེས། ལས་འགུལ་གོ་སྒྲིག་པ་ཁམས་རྟའུ་ཉ་མཚོ་དགོན་པའི་གྲྭ་འཆི་མེད་བསྟན་འཛིན་ལགས་ནས་ཕྱི་ཚེས་༡༥ ནས་ད་ལྟའི་བར་ཁམས་རྟའུ་ཉ་མཚོ་དགོན་པའི་གཙོས་རྟའུ་ས་ཁུལ་གྱི་མི་མང་ལ་རྒྱ་གཞུང་གིས་སྡིག་སྦྱོང་མནར་གཅོད་དང་དྲང་བདེན་མིན་པའི་སྲིད་བྱུས་འདྲ་མིན་སྤེལ་བཞིན་ཡོད་པ་སོགས་ཀྱི་གནས་སྟངས་ངོ་སྤྲོད་གནང་ཡོད་པ་རེད།

མོན་གྷོ་ས་གནས་རང་བདེན་ཚོགས་གཙོ་ཀོ་བོ་བློ་བཟང་ཕན་བདེ་ལགས་ཀྱིས་ལས་འགུལ་དང་འབྲེལ་བའི་གཏམ་བཤད་གནང་དོན། ང་ཚོའི་འདི་ལྟར་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་དགོས་དོན་ཚང་མིའི་ཤེས་གསལ་ལྟར་ཉེ་ཆར་ཁམས་རྟའུ་ཉ་མཚོ་དགོན་པའི་རྒྱལ་གཅེས་དཔའ་བོ་གྲྭ་ཚེ་དབང་ནོར་བུ་ལགས་ཀྱིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཆེད་སྐུ་ལུས་མེར་བསྲེག་བཏང་བར་མྱ་ངན་རྗེས་དྲན་ཆེད་འཛོམས་ཡོད་པ་རེད། དེ་ཡང་གཞིས་ལས་རྒྱ་ཆེའི་མི་མང་གིས་བོད་བསྟན་སྲིད་མི་རིགས་དང་བཅས་ཀྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གི་འགན་ག་ཚོད་ཁུར་གྱི་ཡོད་པ་དང་། ང་ཚོ་བཙན་བྱོལ་བ་སེར་སྐྱ་གཉིས་ཀྱི་ངོས་ནས་བོད་ཀྱི་བདེན་མཐའ་སེལ་རྒྱུ་ནས་བཟུང་གཞིས་བྱེས་མཉམ་འཛོམས་ཡོང་རྒྱུ་དང་གཞིས་ལས་མི་མང་གི་བདེ་སྡུག་སེལ་ཆེད་སོགས་ལ་འགན་ག་ཚོད་ཁུར་གྱི་ཡོད་མེད་སྐོར་ལ་བསམ་བློ་ཏན་ཏན་གཏོང་དགོས་པ་ཞིག་རེད་དྲན་གྱི་ཡོད།

ཕྱོགས་གཞན་ཞིག་ནས་བཤད་ན་ད་ལྟའི་ཆར་བོད་དང་བོད་མིའི་འཕྲལ་ཕུགས་རྒྱང་གསུམ་ལ་བསམ་བློ་བཏང་བའི་ཐོག་ཕྱག་ལས་གནང་མཁན་མི་ཐོག་རྒན་པ་ཚོ་རྫོགས་འགྲོ་ཡི་ཡོད་པ་རེད། དེ་བཞིན་ཉག་ཕྲ་བའི་བོད་ཀྱི་རྩ་དོན་ཐོག་ཆེས་སྙིང་སྟོབས་དང་ཆོད་སེམས་ལྡན་པའི་མི་རབས་གསར་པ་ཚོ་ཡང་གཅིག་རྗེས་གཉིས་མཐུད་ཀྱིས་རང་སྲོག་བློས་གཏོང་གནང་བཞིན་ཡོད་པ་བཅས་ཀྱི་མཚོན་པའི་གཞིས་ལས་རྒྱ་ཆེའི་དཔའ་བོ་དཔའ་མོ་ཚོ་ལ་གདུང་སེམས་མཉམ་བསྐྱེད་དང་ཡི་རངས་བསྔགས་བརྗོད་ཆེད། ང་རང་ཚོ་ཀྱང་ལྟ་བ་གཅིག་དང་ལངས་ཕྱོགས་གཅིག་གི་ཐོག་ཁྱིམ་ཚང་གཅིག་གི་འདུ་ཤེས་ཀྱི་ཐོག་ནས་གང་ཐུབ་ཅི་ནུས་ཀྱིས་ཁོང་རྣམས་ཀྱི་དམིགས་འདུན་ཐོག་ལས་ཀ་ཧུར་ཐག་བྱེད་དགོས་པ་གཅིག་དང་། གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་གང་ཞིག་གི་ནང་རང་འགན་རང་ཁུར་གྱི་སྒོ་ནས་མཉམ་ཞུགས་བྱེད་དགོས་སྐོར་སོགས་གསུངས་སོང་།                                                མོན་གྷོ་གསར་འགོད་པས།