བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས།
དེ་ཡང་རྒྱ་གར་བྱང་ཤར་རྡོ་རྗེ་གླིང་གྲོང་ཁྱེར་གྱི་ཡབ་གཞིས་བཟོ་གྲྭའི་ཚོགས་ཁང་དུ་རྡོར་གླིང་གཏན་སློབ་ཀྱིས་རོལ་དབྱངས་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། བོད་རང་བཙན་ཆེད་ལུས་སྲོག་ལོངས་སྦྱོད་དང་བཅས་པ་བློས་གཏོང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་ངག་བཅད་ཀྱིས་མྱ་ངན་གུས་འདུད་སྐར་མ་གཅིག་ཞུས། དེའི་རྗེས་སུ་རོལ་དབྱངས་དང་བཅས་གཞོན་ནུའི་མཐུན་གཞས་ཕུལ་ཡོད་པ་རེད།
སྐུ་མགྲོན་གཙོ་བོ་ཤིང་བཟའ་རིན་པོ་ཆེ་དང་ས་གནས་འགོ་འཛིན། ས་གནས་སློབ་གྲྭའི་སློབ་སྦྱི་སོགས་འབྲེལ་སྐུ་མགྲོན་དང་ཚོགས་ཞུགས་པ་རྣམས་བཞུགས་གྲལ་དུ་འཁོད་མཚམས་དབུས་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་བའི་སྐབས་“རང་བཙན་ཞེས་པ་དེ་གནམ་ནས་ཟག་རྒྱུ་ཡོད་པ་ཞིག་མ་རེད་ལ། རང་བཙན་ས་ནས་སྐྱེ་རྒྱུ་ཡོད་པ་ཞིག་ཀྱང་མ་རེད། རང་བཙན་རྩོད་ལེན་བྱེད་པའི་སྐབས་ངེས་པར་དུ་ང་ཚོས་རིན་པ་སྤྲོད་དགོས་ཀྱི་ཡོད་པ་རེད། དུས་ཚོད་ཡོད་མཁན་ཚོས་དུས་ཚོད་གཏོང་དགོས་པ་དང་། སློབ་སྦྱོང་ཡོད་མཁན་ཚོས་སློབ་སྦྱོང་གཏོང་དགོས་པ་རེད། ཐ་ན་སྲོག་བློས་གཏོང་དགོས་བྱུང་ཡང་གཏོང་དགོས་པ་རེད།”ཅེས་སོགས་གསུངས་ཡོད་པ་དང་། སྐུ་མགྲོན་གཙོ་བོ་སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་གིས་“བོད་ནང་དུ་ཤེས་ཡོན་པ་མང་པོ་ཞིག་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་རེ་བ་ཆེན་པོ་ཞིག་བརྒྱབ་བསྡད་ཡོད་པ་རེད། ང་རང་ལ་མཚོན་ན་བོད་ནང་ནས་སླེབས་པ་ཞིག་ཡིན། ད་ལྟའི་ཆར་བོད་ནང་གི་ཤེས་ལྡན་མི་སྣ་མང་པོ་ཞིག་དང་འབྲེལ་བ་དམ་ཟབ་ཡོད་མཁན་ཞིག་ཡིན་པས། བོད་ནང་གི་ཤེས་ལྡན་མི་སྣ་མང་པོ་ཞིག་གི་བསམ་ཚུལ་གང་ལ་གང་འཚམས་ཤིག་ཧ་གོ་ཡི་ཡོད། ཁོ་རང་ཚོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་ཧ་ལས་པའི་གདེང་འཇོག་ཅིག་གནང་བསྡད་ཡོད་པ་རེད། བོད་ནང་གི་ཤེས་ལྡན་མི་སྣ་མང་པོ་ཞིག་གིས་ང་ཚོ་ལ་ག་རེ་ལབ་མྱོང་ཞེ་ན། ཁྱེད་རང་ཚོ་ལ་འགན་གཅིག་ཡོད་པ་རེད། འགན་གཅིག་དེ་རང་བཙན་སླར་གསོ་བྱེད་རྒྱུ་དེ་རེད། དེ་ཁྱེད་རང་ཚོའི་འགན་རེད་”ཅེས་གསུངས་ཚུལ་སོགས་ལམ་སྟོན་གསུང་བཤད་གནང་ཡོད་པ་དང་། དེའི་རྗེས་སུ་དབུས་གཞོན་ནུའི་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ནས་མཛད་སྒོ་གྲོལ་ཡོད་རེད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༤༢ པ་དེ་ཕྱི་ཟླ་༨ ཚེས་༢༢ ནས་༢༥ བར་ཉིན་བཞིའི་རིང་རྒྱ་གར་བྱང་ཤར་རྡོ་རྗེ་གླིང་དུ་འཚོག་བཞིན་པ་དང་། ཉིན་དེ་དག་གི་རིང་རྩ་དོན་དང་འབྲེལ་བའི་གྲོས་གཞི་གལ་ཆེ་ཁག་གི་ཐོག་བགྲོ་གླེང་གནང་རྒྱུ་ཡིན་པ་རེད།།
{jcomments on}