རྒྱ་ནག་གཞུང་ལ་བོད་ཀྱི་དཀའ་ངལ་སེལ་རྒྱུའི་འདོད་པ་མི་འདུག

དེ་ཡང་ཐེངས་འདིར་༧གོང་ས་མཆོག་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་གི་ནང་ཆིབས་བསྒྱུར་གནང་བ་དང་། ཕྱི་ཟླ་༨ ཚེས་༢༣ ཉིན་༧གོང་ས་མཆོག་གིས་འཇལ་མེན་རྒྱལ་ཁབ་ཀྱི་ཧེ་སེན་མངའ་སྡེའི་ནང་རྒྱ་རིགས་ཁག་ཅིག་ལ་མཇལ་ཁ་གནང་བ་དང་། སྐབས་དེར་༧གོང་ས་མཆོག་གིས་བཀའ་མོལ་གྱི་ནང་དོན་སྐུ་ཚབ་དོན་གཅོད་ཆོས་སྐྱབས་པ་ཚེ་བསྟན་བསམ་འགྲུབ་ལགས་ཀྱི་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་དོན། ༧གོང་ས་མཆོག་གིས་རྒྱ་ནག་གཞུང་ལ་བོད་ཀྱི་དཀའ་ངལ་སེལ་རྒྱུར་འདོད་པ་ཡོད་ས་མ་རེད། ང་ཚོས་རྒྱ་ནག་མཉམ་ཏུ་རང་སྲིད་རང་སྐྱོང་ཡོང་ཐབས་སུ་འབད་བརྩོན་གནང་གི་ཡོད་པས། ཁྱེད་རང་ཚོས་དེ་རྒྱ་ནག་མི་མང་ལ་འགྲེལ་བརྗོད་ཐུབ་ན་ཡག་པོ་ཡོང་གི་རེད། རྒྱ་ནག་ནང་གྲངས་ཉུང་མི་རིགས་མང་པོ་ཡོད་པས། ཚང་མ་མཐུན་སྒྲིལ་དགོས་པ་གལ་ཆེན་པོ་རེད་ཅེས་བཀའ་སློབ་གནང་ཡོད་པ་རེད།

དེ་བཞིན་ཉིན་དེར་༧གོང་ས་མཆོག་ཧེ་སེན་མངའ་སྡེའི་གྲོས་ཚོགས་ནང་ཆིབས་བསྒྱུར་གནང་སྟེ། བཀའ་སློབ་གནང་དོན། “དེ་རིང་ང་གྲོས་ཚོགས་ནང་ཁྱེད་རང་ཚོས་མགྲོན་འབོད་གནང་བ་ལྟར། ང་འདིར་བཅར་ཐུབ་པ་རེད། ཧ་ཅང་དགའ་པོ་བྱུང་སོང་། བོད་ཀྱི་བདེན་པའི་དོན་དག་ལ་ཁྱེད་རང་ཚོས་སེམས་ཁུར་གནང་། རྒྱབ་སྐྱོར་གནང་བ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།  ཁྱེད་རང་ཚོས་གསུངས་པ་ལྟར། ལོ་ཡུན་མང་པོའི་རིང་ང་དང་ཁྱེད་རང་ཚོ་མངའ་སྡེ་གཞུང་དང་གྲོས་ཚོགས་བར་འབྲེལ་བ་དེ་དམིགས་བསལ་རེད། ངས་དེ་གལ་ཆེན་པོར་བརྩི་ཡི་ཡོད། མི་ཞིག་དཀའ་ངལ་འཕྲད་པའི་སྐབས་ཤ་ཚ་དང་སེམས་གསོ་བྱེད་མཁན་གྱི་གྲོགས་པོ་དེ་ཧ་ཅང་རྩ་ཆེན་པོ་རེད་”ཅེས་གསུངས་ཡོད་པ་རེད།

༧གོང་ས་མཆོག་གིས་མུ་མཐུད་མངའ་སྡེའི་གྲོས་ཚོགས་ནང་བུད་མེད་མང་ཙམ་བྱུང་ན་ཡག་པོ་ཡོད་སྐོར་གསུང་དོན། “སྐྱེས་པ་ཕོ་ལས་བུད་མེད་བྱམས་སེམས་ཆེ་བ་ཡོད་པས། རྒྱལ་ཁབ་སོ་སོའི་གྲོས་ཚོགས་ནང་བུད་མེད་མང་ཙམ་ཕེབས་ཐུབ་ན་ཡག་པོ་ཡོད་པ་རེད། འཇལ་མེན་གྱི་ལས་དོན་ཡོངས་རྫོགས་ཕྱི་གསལ་ནང་གསལ་དང་། དྲང་བདེན་ཚུལ་མཐུན་ཆགས་མིན། གྲོས་ཚོགས་ཀྱི་འཐུས་མི་ཚོར་འགན་ཡོད་པ་རེད་”ཅེས་བཀའ་སློབ་གནང་ཡོད་པ་རེད།