ལི་བྷི་ཡ་གྱེན་ལོག་ཚོགས་པས་གྷ་དྷ་ཧྥི་འཚོལ་ཞིབ།
ཕྱི་ཚེས་ ༢༥ ཉིན་གྱེན་ལོག་ཚོགས་པའི་རྒྱལ་ཡོངས་འཕོ་འགྱུར་ལྷན་ཚོགས་ཀྱི་འགོ་གཙོ་སྐུ་ཞབས་མཱུས་ཏ་ཕ་ཨབ་དེལ་ཇ་ལིལ་གྱིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ། མི་སུ་འདྲ་ཞིག་གིས་གྷ་དྷ་ཧྥི་འཇུ་བཟུང་ཐུབ་པའམ་ཡང་ན་གསོད་ཐུབ་ཚེ་ཨ་སྒོར་ས་ཡ་ ༡་༦༧ བྱ་དགའ་སྤྲོད་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད། བྱ་དགའ་དེ་ནི་ལི་བྷི་ཡའི་སྒེར་གྱི་ཚོང་པ་ཁག་ཅིག་གིས་སྤྲོད་རྒྱུ་བྱས་ཡོད་འདུག གལ་སྲིད་གྷ་དྷ་ཧྥི་དང་འབྲེལ་བ་ཡོད་པའི་ཁུངས་ནས་མི་སུ་འདྲ་ཞིག་གིས་གྷ་དྷ་ཕྷི་འཇུ་པའམ་ཡང་ན་གསོད་ཐུབ་ཚེ་མི་དེ་ལ་བྱ་དགའ་དེ་སྤྲོད་རྒྱུ་ཡིན་པ་མ་ཟད། དམིགས་བསལ་དུ་ཉེས་པའང་ཆག་ཡང་གཏོང་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་པ་རེད།
ད་ལྟ་ལི་བྷི་ཡ་ནང་གི་གནས་སྟངས་སྐོར་ལ་སྐུ་ཞབས་མཱུས་ཏ་ཕ་ཨབ་དེལ་ཇ་ལིལ་གྱིས་བརྗོད་དོན་དུ། གྷ་དྷ་ཧྥི་འཇུ་བཟུང་མ་ཐུབ་གྱི་བར་ལི་བྷི་ཡ་ཡོངས་རྫོགས་མངའ་འོག་ཏུ་བསྡུ་ཐུབ་མེད་པ་དང། གྷ་དྷ་ཧྥི་དམག་མི་མི་ཉུང་བ་ཁག་གཅིག་གིས་ད་དུང་ཡང་རྒྱལ་ས་ཏི་རི་པོ་ལི་དང་དེ་བཞིན་གྲོང་ཁྱེར་གཞན་ནང་དྲག་རྒོལ་སྤེལ་བཞིན་པར་བརྟེན། སྔོན་ལ་གྷ་དྷ་ཧྥི་འཇུ་བཟུང་ཐུབ་པ་དེ་གལ་གནད་ཆེན་པོ་ཡིན་སྐོར་བརྗོད་ཡོད་པ་རེད། །