རྒྱ་ནག་གི་སྤྱི་ཚོགས་ནང་རང་དབང་གོང་མཐོར་གཏོང་དགོས།
བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན་ཨ་རིའི་སྲིད་འཛིན་གཞོན་པ་སྐུ་ཞབས་ཇཱོ་ བྷི་ཌེན་མཆོག་མཚམས་གཟིགས་ཀྱི་ཉིན་མཐའ་མ་སྟེ། ཟླ་འདིའི་ཚེས་༢༢ ཉིན་ཟི་ཁྲིན་ཞིང་ཆེན་གྱི་གྲོང་ཁྱེར་ཁྲིན་ཏུའུ་རུ། སི་ཁྲིན་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་མ་རྣམས་ལ་གཏམ་བཤད་བྱས་ཡོད་པ་དང་། སྐབས་དེར་ཁོང་གིས་རྒྱ་ནག་ནང་རང་དབང་གོང་མཐོར་གཏོང་དགོས་པ་དང་། གུ་ཡངས་ཀྱི་སྲིད་ཇུས་དགོས་སྐོར་གསུངས་ཡོད་འདུག
ཁོང་གིས་གསུང་དོན། “རྒྱ་ནག་ནང་མང་པོ་ཞིག་གིས་རང་དབང་གི་ཚད་གཞི་གོང་ཐོར་བཏང་བ་ཡིན་ན། རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་རྒྱས་དང་སྤྱི་ཚོགས་བདེ་འཇགས་ལ་འགོག་རྐྱེན་ཡོང་གི་རེད་བསམ་གྱི་ཡོད་པ་རེད། མ་ཟད་ང་ཚོ་ཨ་རིའི་གཞུང་ཕྱོགས་ནས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གོང་འཐོར་གཏོང་དགོས་པའི་བསམ་ཚུལ་བརྗོད་སྐབས། ཁྱེད་ཚོ་མང་པོ་ཞིག་གིས་རྒྱ་ནག་རྒྱལ་ཁབ་ཀྱི་བདག་དབང་ལ་བརྩི་བཀུར་མ་བྱས་པ་རེད་བསམ་གྱི་རེད་མོད། གུ་ཡངས་དང་རང་དབང་ངང་གནས་ཐུབ་པ་ཡིན་ན་ཕུགས་རྒྱང་རིང་པོར་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཕན་ཐོགས་ཡོད་པ་ཞིག་ལས། དེ་ནི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་བདེ་འཇགས་ལ་གནོད་པའི་རྒྱུ་རྐྱེན་ཞིག་རྩ་བ་ནས་མ་རེད་”ཅེས་འགྲེལ་བརྗོད་འདུག
ཨ་རིའི་གཞུང་ཕྱོགས་ནས་འགྲེལ་བརྗོད་གནང་བ་ལྟར་ན་སྐུ་ཞབས་ཇཱོ་བྷི་ཌེན་ལགས་ཀྱིས་མཚམས་གཟིགས་སྐབས། རྒྱ་ནག་གི་མཐོ་རིམ་གཞུང་འཛིན་མི་སྣ་ཁག་གཅིག་དང་མཉམ་དུ་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་མོལ་བྱས་ཡོད་པ་མ་ཟད། མཚམས་གཟིགས་ལ་མ་བསྐྱོད་གོང་དེར་ཨ་རིའི་གཞུང་ཕྱོགས་ནས་རྒྱ་ནག་གིས་འཛིན་བཟུང་བྱས་པའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ཐབ་རྩོད་པ་རྣམས་གློད་གྲོལ་གཏོང་དགོས་པ་དང་། ཁོང་ཚོའི་རང་དབང་ལ་གུས་བརྩི་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་འདུག
སྐུ་ཞབས་ཇཱོ་བྷི་ཌེན་ལགས་ཀྱིས་གཏམ་བཤད་དེ་བྱེད་སྐབས། རྒྱ་ནག་ནང་གི་ཆབ་སྲིད་འཐབ་རྩོད་པ་དང་ལས་འགུལ་བ་ཁག་ཅིག་གིས་བརྗོད་དོན། “ང་ཚོ་མང་པོ་ཞིག་རྒྱ་ནག་གཞུང་གིས་བཀག་ཉར་བྱས་སོང་། ཁ་ཤས་ཞིག་ལ་སྐུ་ཞབས་ཇཱོ་བྷི་ཌེན་ལགས་ཀྱི་གཏམ་བཤད་དེར་འགྲོ་མི་ཆོག་པར་ནང་དུ་འདུག་དགོས་ཞེས་ཉེན་བརྡ་ཡང་བཏང་སོང་”ཞེས་འགྲེལ་བརྗོད་བྱས་འདུག །