རྒྱ་ནག་གི་དམག་ཤུགས་ཀྱིས་རྒྱ་གར་ལ་ཉེན་ཁ་འདུག་ཟེར།
ཡང་སྙན་ཐོ་དེའི་ནང་། རྒྱ་ནག་གི་ཕུགས་རྒྱང་རིང་པོའི་དམིགས་ཡུལ་དང་མངོན་འདོད་དེ་གང་ཡིན་པ་སུས་ཀྱང་གསལ་པོ་མི་ཤེས་པའི་སྐབས་འདིར། རང་ཉིད་ཀྱི་བཅིངས་གྲོལ་དམག་མི་ས་ཡ་༢་༢༥ སྟོབས་ཤུགས་རྣམས་ཧ་ཅང་ཚད་གཞི་མགྱོགས་པའི་ངང་གོང་འཕེལ་དུ་གཏོང་གི་ཡོད་འདུག། ཐེ་ཝན་གྱི་གནད་དོན་ལ་མཚོན་ནའང་ཨ་རི་ནས་ཐེ་ཝན་སྐྱོབ་པར་ཡོང་བ་འགོག་རྒྱུ་དེ་རྒྱ་ནག་བཅིངས་གྲོལ་དམག་གི་དམིགས་ཡུལ་གཙོ་བོ་ཞིག་ཡིན་པ་རེད་འདུག རྒྱ་ནག་གིས་རང་གི་སྟོབས་ཤུགས་གོང་འཕེལ་གཏོང་བ་དེས་རྒྱ་གར་ལའང་ཉེན་ཁ་ཆེན་པོ་འཕྲད་རྒྱུ་ཡིན་པ་དང། དེ་ལ་དཔག་པའི་རྒྱ་གར་ནས་རང་ཉིད་ཀྱི་སྲུང་སྐྱོབ་བྱེད་ཐུབ་པ་བྱ་རྒྱུ་ཡིན་པ་དེ་གདོན་མི་ཟ་བ་ཡིན་ཡང། རྒྱ་གར་དང་བོད་ཀྱི་ས་མཚམས་སུ་རྒྱ་གར་ཕྱོགས་སུ་ཁ་གཏད་ནས་བཞག་ཡོད་པའི་མེ་ཤུགས་འཕུར་མདའ་སོགས་པ་ལའང་གསར་བརྗེ་བཏང་སྟེ། དེ་སྔའི་རླངས་སྣུམ་འཕུར་རྫས་ཀྱི་མེ་ཤུགས་འཕུར་མདའ་ CSS-2 རྣམས་གསར་ཐོན་འཁྲིགས་སྣུམ་འཕུར་རྫས་ཀྱི་མེ་ཤུགས་འཕུར་མདའ་ CSS-5 དང་བརྗེ་ལེན་བྱས་ཏེ། རྒྱ་གར་ལ་འཛིན་པའི་དམག་ཤུགས་དེ་སྟོབས་ཆེ་རུ་བཏང་ཡོད་འདུག
སྙན་ཐོ་དེའི་ནང་བརྗོད་པ་ལྟར་ན། རྒྱ་དཀར་ནག་གཉིས་དབར་དོགས་གནད་ཆེན་པོ་ཡོད་པ་དེས་རྒྱལ་ཁབ་ཕན་མཚུན་གཉིས་ཀྱི་འབྲེལ་ལམ་ལའང་འགོག་རྐྱེན་ཆེན་པོ་བཟོ་བཞིན་ཡོད་པ་དང། རྒྱ་ནག་ནས་པཱ་ཀི་སི་ཐན་དང་དམག་དོན་འབྲེལ་བ་འཇོག་པ་དང་དེ་བཞིན་དུ་རྒྱ་གར་རྒྱ་མཚོའི་ནང་དང། དབུས་ཨེ་ཤ་ཡ། ཨ་ཧྥི་རི་ཀའི་ནང་དུ་རྟེན་གཞི་བྱེད་པ་དེས་རྒྱ་གར་བརྟན་ལྷིང་ལ་མི་བདེ་བ་ཆེན་པོ་བཟོ་བཞིན་ཡོད་པ་རེད། དེ་ལྟ་ནའང་རྒྱ་གར་ནས་དེ་ལ་དཔག་པའི་གོམ་སྟབས་ཞིག་སྤོས་ཏེ་རྒྱ་ནག་བཅིངས་གྲོལ་དམག་མིའི་སྟོབས་ཤུགས་འགོག་ཐབས་བྱས་ཡོད། ཡིན་ནའང་རྒྱ་ནག་ལ་གལ་ཏེ་དགོས་མཁོ་བྱུང་ན་རང་གི་བཅིངས་གྲོལ་དམག་མི་ ༤༥༠༠༠༠ ཟླ་བ་གཅིག་གི་ནང་ཚུད་རྒྱ་གར་གྱི་ས་མཚམས་སུ་སྐྱེལ་འདྲེན་ཐུབ་པའི་ཆ་རྐྱེན་བསྐྲུན་ཟིན་ཡོད་འདུག དེར་བརྟེན་རྒྱ་གར་གྱི་དམག་ཤུགས་དེ་ད་ལྟ་སུམ་ཆ་གཅིག་རྒྱ་ནག་གི་རྗེས་སུ་ལུས་ཡོད་འདུག།
རྒྱ་གར་ཕྱོགས་ནས་ཀྱང་རྒྱ་ནག་ནས་ཡོང་བའི་ཉེན་ཁ་དེར་འགོག་པའི་གྲ་སྒྲིག་གང་མཚམས་བྱ་རྒྱུ་ཡིན་འདུག་ཅིང། ཕྱི་ལོ་༢༠༡༢ ནས་༢༠༡༧ ནང་ཚུད་དམག་མི་༣༥༠༠༠ ཡོད་པའི་new mountain strike corps ཞེས་པ་འཛུགས་རྒྱུ་ཡིན་པ་དང། ཨ་སམ་དང་ན་གྷ་ལེན་ཌ་མངའ་སྡེ་ནང་དུ་དམག་མི་༡༥༠༠༠ ལས་གྲུབ་པའི་new mountain strike corps ཡན་ལག་རེ་འཛུགས་རྒྱུ་ཡིན་འདུག དེ་བཞིན་ཨ་སམ་མངའ་སྡེ་ཁུལ་དུ་Sukhoi-30MKI གནམ་གྲུ་ཁག་གཅིག་དང། གསང་ལྟ་བྱེད་པའི་མི་མེད་གནམ་གྲུ། མེ་ཤུགས་འཕུར་མདའི་འཕུར་རྫས་རྣམས་བསོག་འཇོག་བྱེད་པ་དང་རྟེན་གཞི་བཅས་བྱེད་རྒྱུ་ཡིན་འདུག
དེ་ལྟ་ནའང་ད་དུང་ཡང་དེར་དཔག་པའི་ལས་དོན་མང་པོ་བྱེད་རྒྱུ་ལྷག་ཡོད་འདུག། རྒྱ་ནག་གིས་རྒྱལ་ཁབ་གཞན་ལ་བརྟེན་མི་དགོས་པར་རང་ཉིད་ནས་གསང་འཕུར་གནམ་གྲུ་ J-20 དང་པོ་དེ་བཟོ་ཐབས་བྱེད་ཀྱི་ཡོད་པ་དང། ལས་གཞི་དེ་འགོ་བཙུགས་ནས་ད་ལྟ་ལོ་ཤས་སིང་ཟིན་ཡོད་འདུག། རྒྱ་ནག་ནས་གནམ་གྲུ་དབོར་འདྲེན་བྱེད་པའི་གྲུ་གཟིངས་འཛུགས་སྐྲུན་བྱེད་པའི་ཆེད་དུ་དེ་འབྲེལ་གྲུ་གཟིངས་རྙིང་པ་ Varyag ཞེས་པ་ཞིག་ཡུ་ཀེ་རེན་ནས་ཉོས་ཏེ་ད་ལྟ་ཚོད་ལྟ་བྱེད་བཞིན་ཡོད་འདུག
ཡང་སྙན་ཐོ་དེར་གཞིགས་ན། རྒྱ་ནག་ལ་ད་དུང་ཡང་ཆེས་མགྱོགས་པའི་མེ་ཤུགས་འཕུར་མདའ་ DF-21D ཡོད་པ་དང། དེས་ཀི་ལོ་མི་ཊར་༡༥༠༠ སར་ཡོད་པ་གནམ་གྲུ་དབོར་འདྲེན་བྱེད་པའི་གྲུ་གཟིངས་ཆེ་བ་རྣམས་གཏོར་སྐྱོན་གཏོང་ཐུབ་ཀྱི་ཡོད་འདུག། དེ་མ་ཟད་ད་དུང་ཡང་རྒྱ་ནག་ལ་ས་ཐོག་དབོར་འདྲེན་ཐུབ་པའི་མེ་ཤུགས་འཕུར་མདའ་ DF-31A ཡོད་པ་དང། དེས་ཀི་ལོ་མི་ཊར་༡༡༢༠༠ སར་དམིགས་རྟེན་བཟུང་བའི་དངོས་པོ་རྣམས་གཏོར་སྐྱོན་གཏོང་ཐུབ་ཀྱི་ཡོད་པ་རེད། དེ་བཞིན་དུ་མཚོ་ནང་བྱིངས་ནས་འགྲོ་བའི་གྲུ་གཟིངས་ནས་འཕང་པའི་མེ་ཤུགས་འཕུར་མདའ་ JL-2 ཞེས་པ་ཡོད། དེས་ཀི་ལོ་མི་ཊར་༧༢༠༠ སར་ཡོད་པའི་དམིགས་རྟེན་བཟུང་བ་རྣམས་གཏོར་སྐྱོན་གཏོང་ཐུབ་གྱི་ཡོད་པ་དང། གླིང་ཆེན་ཐ་དག་ལ་འཕང་ཐུབ་པའི་རྡུལ་ཕྲན་མཚོན་ཆའི་མེ་ཤུགས་འཕུར་མདའ་intercontinental ballistic missiles གྲངས་ ༥༥¬¬ ནས་༦༥ ཡོད། དེ་མ་ཡིན་པའི་གླིང་ཆེན་ཨེ་ཤི་ཡ་ནང་ཚུལ་དུ་འཕེན་ཐུབ་པའི་མེ་ཤུགས་འཕུར་མདའ་IRBM གྲངས་༥ ནས་༢༠ ཡོད། འགྱངས་ཐག་བྲིང་པོར་འཕེན་ཐུབ་པའི་མེ་ཤུགས་འཕུར་མདའ་MRBM གྲངས་༧༥ ནས་༡༠༠ ཡོད། ཐག་ཉེ་སར་འཕེན་པའི་མེ་ཤུགས་འཕུར་མདའ་SRBM གྲངས་༡༠༠༠ ནས་༢༠༠༠ བཅས་ཡོད་འདུག
རྒྱ་ནག་གིས་པཱ་ཀི་སི་ཐན་གྱི་དམག་ཤུགས་གོང་འཕེལ་དུ་བཏང་སྟེ་ལྷོ་ཨེ་ཤ་ཡའི་ནང་དུ་རྒྱ་གར་གྱི་ཤུགས་རྐྱེན་རྣམས་ནུས་མེད་དུ་གཏོང་བཞིན་ཡོད་འདུག། པཱ་ཀི་སི་ཐན་ནི་རྒྱ་ནག་ནས་གོ་མཚོན་མཁོ་སྒྲུབ་བྱེད་མཁན་རྒྱལ་ཁབ་ཆེ་ཤོས་དེ་ཡིན་པ་དང། རྒྱ་ནག་རང་ཉིད་ནས་བཟོ་སྐྲུན་བྱས་པའི་གནམ་གྲུ་ JF-17 དང་ F-7 ། གྲུ་གཟིངས་ཆུང་བ་ F-22P། སྔོན་བརྡ་སྤྲོད་པ་དང་སྟངས་འཛིན་བྱེད་པའི་གནམ་གྲུ ཐང་ག་རི། མེ་ཤུགས་འཕུར་མདའ་བཅས་པ་པཱ་ཀི་སི་ཐན་ལ་ཕྱིར་ཚོང་གིས་མཁོ་བའི་གོ་མཚོན་རྣམས་མཐུན་འགྱུར་བྱེད་པ་བཅས་བྱས་ཡོད་པ་སྙན་ཐོ་དེའི་ནང་གསལ་བཤད་བྱས་ཡོད་པ་རེད།།