བོད་པའི་སྲོལ་རྒྱུན་རིག་གནས་ངོ་སྤྲོད་ཆེད་དུ་ཡིན།
ཟླ་འདིའི་ཚེས་༢༤ ནས་ཉིན་བཞིའི་རིང་ས་རཱ་བོད་ཀྱི་མཐོ་སློབ་གཞོན་ལྷན་རུ་ཁག་གི་གོ་སྒྲིག་འོག བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་ལྔ་པ་དེ་ས་རཱ་མཐོ་སློབ་ཏུ་འཚོགས་ཡོད་པ་དང་། ཚོགས་ཐོག་ཏུ་གཙོ་བོ་བོད་ཀྱི་རིག་གནས་སྦྱང་ས་མཐོ་སློབ་ཝ་ན་དང་། ས་རཱ་མཐོ་སློབ། སྨན་རྩིས་ཁང་མཐོ་སློབ་སོགས་དང་། དེ་བཞིན་དགོན་སྡེ་ཁག་ཅིག་གི་མཐོ་སློབ་སོགས་བསྡོམས་མཐོ་སློབ་བཅུ་གསུམ་གྱི་སྐུ་ཚབ་༢༦ ཙམ་མཉམ་ཞུགས་བྱས་འདུག
ཉིན་དང་པོའི་བགྲོ་གླེང་དབུ་འབྱེད་མཛད་སྒོའི་ཐོག་སྤྱི་འཐུས་ཚོགས་གཞོན་བསོད་ནམས་བསྟན་འཕེལ་ལགས་ཀྱིས་ལམ་སྟོན་གསུང་བཤད་གནང་བ་དང། བགྲོ་གླེང་གི་བརྗོད་གཞི་གཙོ་བོ་“དགའ་ལྡན་ཕོ་བྲང་གིས་སྲིད་དབང་བསྐྱངས་རིང་བོད་ཀྱི་སྲིད་འབྱོར་རིག་གསུམ་གྱི་འཕེལ་རིམ་”སྐོར་ཡིན་པ་རེད། ཉིན་བཞིའི་རིང་མཐོ་སློབ་ཁག་སོ་སོས་སྐུ་ཚབ་རྣམས་ཀྱིས་བརྗོད་གཞིའི་ཐོག་གཏམ་བཤད་དང་། བཙན་བྱོལ་སྤྱི་ཚོགས་ནང་གི་ཆེད་ལས་པ་ཁག་ཅིག་གདན་ཞུས་ཀྱིས་བརྗོད་གཞི་འདྲ་མིན་ཐོག་གཏམ་བཤད་གནང་འདུག
ཟླ་འདིའི་ཚེས་༢༦ ཉིན་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་ངོ་བོ། འབྱུང་འགྱུར་རྒྱལ་སྤྱིའི་གནས་བབ་དང་མཐུན་པའི་ཁ་ཕྱོགས་ཀྱི་སྐོར་ལ་གསུང་བཤད་གནང་ཡོད་པ་རེད། སྐབས་དེར་བགྲོ་གླེང་ཚོགས་ཞུགས་བ་ཙམ་མ་ཟད། ས་རཱ་མཐོ་སློབ་ཀྱི་སློབ་མ་ཡོངས་མཉམ་ཞུགས་བྱས་ཡོད་པ་རེད།
ཟླ་འདིའི་ཚེས་༢༧ ཉིན་བགྲོ་གླེང་ཉིན་མཐའ་མ་ཡིན་པ་དང་། སྐབས་དེར་འདི་གའི་གསར་འགོད་པས་རིག་གནས་བགྲོ་གླེང་འདི་འདྲ་ཞིག་འཚོགས་དགོས་པའི་དམིགས་ཡུལ་གང་ཡིན་སྐོར་གོ་སྒྲིག་པར་བཅར་འདྲི་བྱས་པར།
ས་རཱ་མཐོ་སློབ་གཞོན་ལྷན་རུ་ཁག་གི་ཚོགས་གཞོན་ངག་དབང་བརྩོན་འགྲུས་ལགས་ཀྱིས་འགྲེལ་བརྗོད་གནང་དོན། “རིག་གནས་བགྲོ་གླེང་དེ་ད་ལོ་ཐེངས་ལྔ་པ་རེད། རྒྱ་གར་ནང་གི་མཐོ་སློབ་ཁག་ཏུ་བསྐྱོད་མཁན་གྱི་བོད་པའི་སློབ་མ་ཚོ་བོད་པའི་སྤྱི་ཚོགས་ནས་ལོགས་སུ་བསྡད་ཡོད་པ་ལྟ་བུ་རེད། དེ་ཚོ་ཚང་མ་ཚུར་འཛོམས་ནས། བསམ་ཚུལ་བརྗེ་ལེན་དང་གཅིག་གིས་གཅིག་ལ་རྒྱུས་ལོན་ཡོང་ཆེད་དུ་རེད། གཉིས་པ་དེ་བོད་ཀྱི་སྲོལ་རྒྱུན་རིག་གནས་མི་ཉམས་རྒྱུད་འཛིན་དང་ཉམས་པ་སླར་གསོ་ཡོང་ཐབས་དང་། རྒྱ་གར་གྱི་མཐོ་སློབ་འགྲིམ་བཞིན་པའི་སློབ་མ་ཚོར་བོད་པའི་སྲོལ་རྒྱུན་རིག་གནས་ངོ་སྤྲོད་ཆེད་དུ་རེད། དེ་མིན་ས་རཱ་གཞོན་ལྷན་རུ་ཁག་གིས་སློབ་གཉེར་བྱེད་བཞིན་ཡོད་པས། ཆབ་སྲིད་ལས་འགུལ་ནང་མང་པོ་མཉམ་ཞུགས་བྱེད་ཐུབ་ཀྱི་མེད་པས། ལོ་ལྟར་ལྟར་རིག་གནས་ཀྱི་བགྲོ་གླེང་འདི་གོ་སྒྲིག་དང་། འགྲོ་སོང་ཐབས་འཚོལ་བྱེད་ཀྱི་ཡོད་པ་རེད་”ཅེས་བརྗོད་སོང་།
མཐོ་སློབ་ག་ཚོད་ནས་སྐུ་ཚབ་ཡོད་མེད་དྲིས་པར། ཁོང་གིས། “སྔོན་མ་ཡིན་ན་ལོ་རྟག་པར་ཕྱི་ཟླ་༧ པའི་ནང་འཚོག་གི་ཡོད་པས། མཐོ་སློབ་ཁག་བཅུ་བདུན་ཙམ་ནས་སྐུ་ཚབ་ཡོང་གི་རེད། ཡིན་ནའང་ད་ལོ་ཚོགས་ཁང་དང་སྡོད་གནས་སོགས་མ་རག་ནས་དུས་ཚོད་ཕྱིར་འགྱངས་བྱེད་དགོས་བྱུང་སོང་། ད་ལྟ་རྒྱ་གར་གྱི་མཐོ་སློབ་ཁག་ཡིག་ཚད་ཀྱི་དུས་ཚོད་དང་ཁེལ་སོང་བས་མང་པོ་ཕེབས་ཐུབ་མ་སོང་། དངོས་སུ་ཚོགས་ཞུགས་པ་གཙོ་བོ་སྲོལ་རྒྱུན་རིག་གནས་ཐོག་སློབ་སྦྱོང་བྱེད་མཁན་ཝ་ཎ་མཐོ་སློབ་དང་སྨན་རྩིས་ཁང་སོགས་མཐོ་སློབ་ཁག་བཅུ་གསུམ་ནས་འཐུས་མི་༢༦ ཙམ་ཡོད་པ་རེད་”ཅེས་འགྲེལ་བརྗོད་གནང་སོང་།
དགའ་ལྡན་ཕོ་བྲང་གིས་སྲིད་དབང་བསྐྱངས་རིང་བོད་ཀྱི་སྲིད་འབྱོར་རིག་གསུམ་གྱི་འཕེལ་རིམ་སྐོར་ཞེས་པ་བརྗོད་གཞི་གཙོ་བོར་འཇོག་དགོས་དོན་གང་ཡིན་སྐོར་དྲིས་པར། ཁོང་གིས། “རྩ་བའི་རིག་གནས་བགྲོ་གླེང་རེད་མོད། ད་ལོ་དགའ་ལྡན་ཕོ་བྲང་གི་སྲིད་འབྱོར་རིག་གསུམ་སྐོར་འཇོག་དགོས་དོན། དགའ་ལྡན་ཕོ་བྲང་གིས་སྲིད་བསྐྱངས་ནས་མི་ལོ་༣༦༩ ཟིན་གྱི་ཡོད་པ་དང། ཉེ་བའི་ཆར་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཀྱི་དབང་ཆ་ཕྱིར་བསྡུ་གནང་བ་རེད། དེའི་རིང་དགའ་ལྡན་ཕོ་བྲང་གིས་ཆབ་སྲིད་བསྐྱངས་རིང་མི་རིགས་ལ་མཛད་རྗེས་ག་ཚོད་བཞག་ཡོད་དང་། དེ་ལ་བཀའ་དྲིན་རྗེས་དྲན་དང་གདེངས་འཇོག་མཐོན་པོ་བྱས་ཏེ། བརྗོད་གཞི་འདི་བདམས་པ་རེད་”ཅེས་བརྗོད་སོང་།
བོད་ཀྱི་རིག་གནས་ཐོག་འཐུས་ཤོར་གཙོ་བོ་རྒྱུ་རྐྱེན་ག་རེ་ལ་བརྟེན་ནས་འགྲོ་ཡི་འདུག་དགོངས་ཀྱི་ཡོད་ཅེས་དྲིས་པར། ཁོང་གིས། “ཁོར་ཡུག་གི་དབང་གིས་གཅིག་རེད་བསམ་གྱི་འདུག ཡར་མར་ལ་ཅུང་ཙམ་སོང་ན་ཡང་གཞན་དབང་སྟབས་བསྟུན་དང་། སྐད་རྒྱག་སྐབས་ཀྱང་དབྱིན་ཡིག་དང་རྒྱ་གར་གྱི་སྐད་མ་བཤད་ན་ཡོང་གི་མི་འདུག དེ་ནས་སློབ་གསོའི་མ་འདང་བ་ཡིན་ནམ། ག་རེ་ཡིན་ན་ཡང་གཞི་རིམ་སློབ་གྲྭ་ནས་ཕྲུ་གུ་གསོ་སྐྱོང་བྱེད་སྟངས་དེ་བོད་པའི་རིག་གཞུང་གི་ཞེན་ཁོག་ཟེར་ནའང་རེད། མི་རིགས་རིང་ལུགས་ཀྱི་ལྟ་བ་ཤུགས་ཆེན་པོ་མེད་པ་ཚོར་གྱི་འདུག ཞེན་ཁོག་མེད་ན་བོད་པའི་རིག་གཞུང་ཐོག་འདུན་པ་ཤུགས་ཆེན་པོ་སླེབས་རྒྱུ་ཁག་པོ་ཆགས་འདུག མི་རིགས་ལ་བཅིངས་པའི་བརྩེ་སེམས་དེ་བོད་ནང་དང་བསྡུར་ན་འདིར་ཆུང་བ་ལྟ་བུ་མཐོང་གི་འདུག བོད་སྐད་གཙང་མ་བཤད་དགོས་པ་དང་། བོད་ཡིག་ཐོག་རྩོམ་ཡིག་འབྲི་དགོས་ནའང་། དེའི་ནང་མཉམ་ཞུགས་བྱེད་མཁན་ཉུང་ཉུང་རེད། དེ་འདྲ་ལ་བརྟེན་ནས་འཐུས་ཤོར་ཕྱིན་གྱི་ཡོད་པ་རེད་”ཅེས་བརྗོད་སོང་།།