དམིགས་བསལ་སྐུ་ཚབ་ཀྱིས་བོད་དོན་འཚམས་གཟིགས།
སྐུ་ཚབ་མཆོག་གིས་འཚམས་གཟིགས་དེའི་རིང་ཨོ་སི་ཁྲུ་ལི་ཡའི་རྒྱལ་ས་དང་ཨོ་གླིང་ལྷོ་ཕྱོགས་སི་ནེས་གྲོང་ཁྱེར། སི་ནེས་བྱང་ངོས་མཚོ་ཁུལ་ས་གནས་བོད་རིགས་ཚོགས་པ་སོགས་སུ་བོད་ཀྱི་གནད་དོན་སྤྱི་དང་། ལྷག་པར་བོད་རྒྱའི་དབར་གྱི་གནས་སྟངས། བོད་གཞུང་གི་ཆབ་སྲིད་དང་འབྲེལ་བའི་གནས་སྟངས་འགྱུར་འགྲོས་ཇི་ལྟར་སོང་ཡོད་མེད་སོགས་ཀྱི་སྐོར། ས་གནས་བོད་དོན་རྒྱལ་སྐྱོར་ཚོགས་པ་ཁག་དང་། ས་གནས་བོད་རིགས་ཚོགས་པ་སོགས་ལ་ངོ་སྤྲོད་གནང་ཡོད་པ་རེད།
དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་ཡུལ་འདིའི་རྒྱལ་ས་ཁཱམ་བྷི་ར་སོགས་ལ་ཕེབས་རྗེས། ཨོ་སི་ཁྲུ་ལི་ཡའི་སི་ནེས་གྲོང་ཁྱེར་དུ་ཕེབས་ཏེ་དབུས་ཨོ་སི་ཁྲི་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པ་(ATC)དང་སི་ནེས་བོད་རིགས་མཐུན་ཚོགས། བོད་རྒྱ་མཛའ་འབྲེལ་ཚོགས་པ་བཅས་ཀྱིས་གོ་སྒྲིག་དང་འབྲེལ། ཟླ་ཟླའི་༢༦ ཉིན་ཨོ་གླིང་བོད་དོན་རྒྱབ་སྐྱོར་ཚོགས་པས་དམིགས་བསལ་འཚོགས་འདུའི་ཐོག་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་བོད་རྒྱ་གཉིས་ཀྱི་བར་འདས་པའི་རིང་གལ་འགང་ཆེ་བའི་གྲུབ་འབྲས་ཇི་བྱུང་ཡོད་མེད་ཀྱི་སྐོར་དང་། ད་ལྟའི་སྐབས་འདིར་བོད་རྒྱ་གཉིས་དབར་གནས་སྟངས་ཇི་འདྲ་ཆགས་ཡོད་མེད། གནད་འགག་གང་ལ་ཐུག་ཡོད་མེད་སོགས་དང་རྒྱལ་སྤྱིའི་ཐོག་ནས་བོད་དོན་གལ་ཆེ་ཆུང་གང་འདྲ་ཞིག་གི་གནས་སྟངས་ལ་བརྩི་བཞིན་ཡོད་མེད། དེའི་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་དོན་ལ་དོ་སྣང་ཇི་ཙམ་བྱེད་ཀྱི་ཡོད་མེད་སོགས་ཀྱི་ཐད་ལ་གསལ་བཤད་དང་དྲི་བར་ལན་འདེབས་གནང་ཡོད་པ་རེད།
ད་ཐེངས་ཀྱི་ཁོང་གིས་བོད་དོན་ཕྱོགས་བསྐྱོད་འདི་ཧ་ཅང་ཡག་པོ་བྱུང་ཡོད་པའི་སྐོར་ལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་གསུང་དོན། ད་རེས་ང་འདིར་ཡོང་དགོས་དོན་གཙོ་བོ་ནི་སྔོན་མ་ཞིག་ནས་འདི་གའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། ས་གནས་སྐུ་ཚབ་དོན་གཅོད་སོགས་ཀྱིས་འདིར་ཡོང་ཐུབ་ན་ཡག་པོ་འདུག་གསུངས་པ་རེད་མོད། ད་ལྟ་བར་དུ་ཡོང་ཐུབ་ཡོད་པ་མ་རེད། ཁ་སྔོན་བཀའ་ཁྲིའི་དམ་འབུལ་མཛད་སྒོའི་སྐབས་དྷ་སར་སོང་བ་ཡིན། དེ་ནས་བདུན་ཕྲག་འགའ་ཤས་སྟོང་པ་ཡོད་པས་འདིར་ཡོང་བ་ཡིན། འདིར་ཨོ་སུ་ཁྲུ་ལི་ཡའི་རྒྱལ་ས་སོགས་ནས་གྲོས་ཚོགས་ཚོགས་གཙོ་དང་མཉམ་དུ་བོད་དོན་སྐོར་ཞིབ་ཕྲ་བཀའ་མོལ་བྱེད་ཐུབ་སོང་ལ། དེ་བཞིན་གཙུག་ལག་སློབ་གྲྭ་ཆེན་མོ་དེ་འདྲ་དང་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་དང་ལྷན་དུ་བོད་རྒྱ་གཉིས་ཀྱི་སྔ་རྗེས་གནས་སྟངས་བཤད་པའི་གོ་སྐབས་བྱུང་བ་རེད། ཁོང་རྣམས་ཀྱི་དགོངས་ཚུལ་དང་དམིགས་ཡུལ་ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐོག་ལ་བཀའ་བསྡུར་བྱས་པ་ཡིན་ལ། དེ་བཞིན་མི་མང་ཚོགས་འདུའི་ཐོག་བོད་དོན་སྐོར་དང་རྒྱལ་སྤྱིའི་གནས་བབས་སོགས་ཀྱི་ཐད་ལ་སྐད་ཆ་བཤད་རྒྱུའི་གོ་སྐབས་ཡག་པོ་བྱུང་སྐོར་སོགས་འགྲེལ་བརྗོད་གནང་སོང་།
ཕྱི་ཉིན་བོད་རིགས་མཐུན་ཚོགས་ཁྱབ་ཁོངས་འོག་གི་ས་གནས་བོད་པ་ཚོར་དམིགས་བསལ་གྱིས་༧གོང་ས་མཆོག་དང་གཞུང་གི་གནས་བབ་འགྱུར་བ་བཏང་བའི་སྐོར་དང་། བོད་རྒྱ་གཉིས་ཀྱི་གནད་དོན། རྒྱལ་སྤྱི་ཁྱོན་ཡོངས་ཀྱིས་བོད་ཀྱི་སྐོར་ལ་དོ་སྣང་དང་རྒྱབ་སྐྱོར་གནང་གི་ཡོད་མེད་སོགས་ཀྱི་ཐད་གསུང་བཤད་གནང་ཡོད་པ་རེད།།
ཨོ་སུ་ཁྲུ་ལི་ཡའི་སིར་ནེས་གྲོང་ཁྱེར་ནས་གསར་འགོད་པ་སེར་ཤུལ་དཀོན་མཆོག་གིས།
{jcomments on}