མའོ་ཚོགས་པའི་འགོ་ཁྲིད་བལ་ཡུལ་གྱི་སྲིད་བློན་དུ་བསྐོས་འདུག

སྲིད་བློན་སྐུ་ཞབས་ Jhala Nath Khanal མཆོག་གིས་ཟླ་འདིའི་ཚེས་ ༡༤ ཉིན་གློ་བུར་སྲིད་འཛིན་ལ་དགོངས་ཤོག་ཕུལ་ནས་རྒྱལ་ཁབ་ཀྱི་སྲིད་བློན་གྱི་མཚན་གནས་ནས་རྩ་དགོངས་ཞུས་པའི་རྗེས། སྲིད་འཛིན་ Ram Baran Yadav མཆོག་གིས་བར་བརྒལ་གྱི་རྩ་ཁྲིམས་གཞིར་བཟུང་དུས་ཐོག་ཆིག་སྒྲིལ་གྱི་གཞུང་གསར་འཛུགས་དགོས་པ་བཀོད་ཁྱབ་བཏང་བ་ལྟར། ཉིན་ཤས་འགོར་འགྱངས་ཕྱིན་མོད། ཕྱི་ཚེས་ ༢༨ ཉིན་སྲིད་བློན་གྱི་འོས་མིbaburam bhattaraiར་དམར་ཕྱོགས་མའོ་རིང་ལུགས་ཆབ་སྲིད་ཚོགས་པའི་འགོ་ཁྲིད་གཉིས་པ་སྐུ་ཞབས་ Baburam Bhattarai དང་། ཀོང་རེ་སེ་ཆབ་སྲིད་ཚོགས་པའི་གནད་ཡོད་མི་སྣ་སྐུ་ཞབས་ Ram Chandra Poudel  གཉིས་དེབ་སྐྱེལ་བྱུང་བ་ལྟར། མི་གྲངས་དྲུག་བརྒྱ་གཅིག་ལས་གྲུབ་པའི་གྲོས་ཚོགས་འཐུས་མི་གྲངས་ ༥༧༥ ཉིན་དེར་ཚོགས་བཅར་བྱུང་ཡོད་པ་དང་། ཁོང་ཚོས་འོས་འདེམས་བྱས་པ་བརྒྱུད་མཐར་ཀོང་རེ་སེ་ཆབ་སྲིད་ཚོགས་པའི་སྐུ་ཞབས་ Ram Chandra Poudel  ལ་འོས་གྲངས་ ༢༥༣ དང་། དམར་ཕྱོགས་མའོ་རིང་ལུགས་པའི་འགོ་ཁྲིད་ལ་སྐུ་ཞབས་ Baburam Bhattarai ལ་འོས་གྲངས་ ༣༤༠ ཐོབ་པར་བརྟེན། ཁོང་རྒྱལ་ཁབ་ཀྱི་བར་བརྒལ་རྩ་ཁྲིམས་གཞིར་བཟུང་སྲིད་བློན་ལ་འདེམས་བསྐོས་བྱུང་བ་གྲོས་ཚོགས་ཀྱི་ཚོགས་གཙོས་ཁྱབ་བསྒྲགས་བྱས་ཡོད་པ་རེད།

བལ་ཡུལ་ནང་འདས་པའི་ལོ་ངོ་འགའ་ཤས་ནས་བཟུང་གཞུང་འཛིན་མཁན་ཆབ་སྲིད་ཚོགས་པ་ཁག་བར་འགན་ལེན་མེད་པ་དང་། ཞི་འགྲིག་དང་རྩ་ཁྲིམས་གསར་བཟོ་སོགས་དུས་ཐོག་མ་བྱུང་བར་སྲིད་བློན་རིམ་པས་ཡང་ནས་བསྐྱར་དུ་དགོངས་ཞུ་བྱེད་དགོས་བྱུང་བ་དང་། གོང་གི་སྲིད་བློན་སྐུ་ཞབས་ Khanal མཆོག་གིས་ཀྱང་ཁོང་རྒྱལ་ཁབ་ཀྱི་སྲིད་བློན་ལ་བཞུགས་རིང་རྒྱལ་སྲིད་བརྟན་ལྷིང་དང་རྒྱལ་ཁབ་ཀྱི་ཞི་འགྲིག་ལས་དོན་འགྲུབ་ཐབས། རྩ་ཁྲིམས་གསར་བཟོའི་ཟིན་བྲིས་ཡོངས་སུ་ལེགས་འགྲུབ་ཡོང་ཐབས་བཅས་ལ་དམིགས་ནས་ལྷག་བསམ་རྣམ་དག་བྱས་ཀྱང་། མཐའ་མའི་ནང་ཁུལ་གྲོས་མཐུན་མ་བྱུང་བ་དང་། ལྷག་བསམ་དང་ཆིག་བསྒྲིལ་གྱི་སྟོབས་ཤུགས་ཞན་པ་སོགས་རྒྱུ་མཚན་དུ་བརྗོད་ནས་ཚེས་ ༡༤ ཉིན་རྩ་དགོངས་ཞུས་ཡོད་པ་རེད།


སྲིད་བློན་གསར་པ་སྐུ་ཞབས་ Baburam Bhattarai ནི་ད་ལོ་དགུངས་གྲངས་ ༥༧ ཡིན་པ་དང་། ཁོ་ནི་བལ་ཡུལ་རྒྱལ་ནང་གི་མའོ་ཙེ་ཏུང་གི་ལྟ་བ་འཛིན་མཁན་དམར་ཕྱོགས་མའོ་རིང་ལུགས་པའི་ཆབ་སྲིད་ཚོགས་པའི་འགོ་ཁྲིད་གཉིས་པ་ཡིན་པར། ཁོང་རྒྱལ་ཁབ་ཀྱི་སྲིད་བློན་ལ་འདེམས་ཐོན་བྱུང་བ་ནི་ལོ་རྒྱུས་ཐོག་དམར་ཕྱོགས་མའོ་རིང་ལུགས་ཆབ་སྲིད་ཚོགས་པའི་ཁོངས་ནས་སྲིད་བློན་ཨང་གཉིས་པ་དེ་ཡིན་པ་རེད།།
བལ་ཡུལ་གསར་འགོད་པས།