དགོས་འདུན་གསུམ་བཏོན་ནས་ལས་འགུལ་འདི་སྤེལ་བ་ཡིན།
དེ་ཡང་ཟས་བཅད་ངོ་རྒོལ་བྱེད་དགོས་པའི་རྒྱུ་མཚན་སྐོར་ལ་དྭངས་བླང་གོ་སྒྲིག་པས་གསར་འགོད་པར་འགྲེལ་བརྗེད་གནང་དོན།
གཙོ་བོ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ཉེ་ཆར་རང་སྲོག་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་ཚེ་དབང་ནོར་བུ་ལགས་ཀྱི་ཕ་ཡུལ་ཁམས་རྟའུ་ཡུལ་དགོན་གཉིས་དང་། བོད་ས་ཡོངས་རྫོགས་ལ་རྒྱ་གཞུང་གིས་དྲག་གནོན་ཤུགས་ཆེན་བྱེད་ཀྱི་ཡོད་པར་ང་ཚོས་ངོ་རྒོལ་དང་། གྲྭ་ཚེ་དབང་ནོར་བུ་ལགས་ཀྱི་ནང་མི་སྤུན་མཆེད་ཡོངས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་ཡིན། དེ་བཞིན་དྲང་བདེན་ལྷག་བསམ་ཅན་གྱི་འཛམ་གླིང་མི་མང་གིས་བོད་དོན་ཤེས་རྟོགས་དང་རྒྱབ་སྐྱོར་ཐོབ་ཆེད། ལྷག་པར་བོད་ནང་གི་གཞིས་ལུས་རྒྱ་ཆེའི་མི་མང་གི་གཅིག་གྱུར་གྱི་མངོན་འདོད་གང་ཡིན་པ་དེར་རྒྱབ་སྐྱོར་མཚོན་ཆེད་བཅས་སུ་ཟས་ཅད་ངོ་རྒོལ་གྱི་ལས་འགུལ་འདི་སྤེལ་བ་ཡིན། འོན་ཀྱང་ང་ཚོ་མི་བཅུའི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་འདི་ཙམ་གྱིས་ཕན་ཐོགས་ཆེར་ཡོད་པ་མ་རེད་དེ། གཞིས་ལུས་མི་མང་གི་མངོན་འདོད་དང་དཀའ་ངལ་དེ་དག་འཛམ་གླིང་མི་མང་ལ་ཤེས་རྟོགས་དང་ཁྱབ་བསྒྲགས་ཡོང་ཆེད་དུ་མ་བསྐུལ་དྭངས་བླང་གིས་ལས་འགུལ་འདི་སྤེལ་བ་ཡིན། ད་དུང་ང་ཚོའི་ངོས་ནས་རྒྱལ་གར་གྱི་མངའ་སྡེ་ལྔ་ནས་དྲུག་ཙམ་གྱི་ནང་དུ་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ཤུགས་ཆེན་སྤེལ་འཆར་ཡོད་ཅེས་གསུངས་སོང་།
གཞན་ཡང་དགོས་འདུན་གསུམ་གྱི་དོན་ཚན་དང་པོ་ཁམས་རྟའུ་ཉ་མཚོ་དགོན་པ་གཙོས་བོད་ས་སྟོད་སྨད་བར་གསུམ་ལ་རྒྱ་གཞུང་གིས་མི་སྤྱོད་ལས་འདས་པའི་གཉའ་གནོན་དང། གསོད་རྡུང་བཅོམ་གསུམ་བྱས་དང་བྱེད་བཞིན་པ་རྣམས་མྱུར་དུ་མཚམས་འཇོག་དགོས་པ་དང་། དོན་ཚན་གཉིས་པ། ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གཙོས་བོད་ནང་གི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་གྲོལ་བྱེད་དགོས་པ། དོན་ཚན་གསུམ་པ། བོད་ནང་གི་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཆེད་དུ་རང་དབང་ལྡན་པའི་སྒོ་ནས་རྒྱལ་སྤྱིའི་གསར་འགོད་པ་བོད་ནང་དུ་གཏོང་དགོས་པ་བཅས་འཁོད་ཡོད་པ་རེད།
མོན་གྷོ་གསར་འགོད་པས།