༌༌༌༌༌༌༌༌༌༌༌ང་ལ་མེད།༌༌༌༌༌༌༌༌༌༌༌༌༌༌༌༌༌༌
མི་སེམས་འགུག་པའི་རྣམ་འགྱུར་ང་ལ་མེད།།
གཞན་སེམས་འཕྲོག་པའི་རྐེད་སྐབས་ལང་ཚོ་མེད།།
རྩ་རིའི་སྨྱུག་མའི་སྐྱེས་གཟུགས་བདག་ལ་མེད།།
མེད་གསུམ་འཛོམས་ཀྱང་མི་གཤིས་དོར་མྱོང་མེད།།
བཙན་གྱིས་སྤྲོད་པའི་དབང་ཐང་ང་ལ་མེད།།
རིན་གྱིས་ཉོ་བའི་རྒྱན་གོས་དེ་བས་མེད།།
ངང་གིས་འཛོམས་པའི་མོ་སྒོ་ང་ལ་མེད།།
མེད་གསུམ་འཛོམས་པ་བར་ཆད་ཉུང་བའི་རྒྱུ།།
ཕ་གཞི་བརྟན་པོའི་རྒྱབ་རྟེན་ང་ལ་མེད།།
གང་བྱེད་ལས་རྣམས་འཇོན་པའི་རྣམ་དཔྱོད་མེད།།
རྒན་གྱིས་བསླབ་པའི་སྦྱང་འབྲས་བདག་ལ་མེད།།
མེད་གསུམ་འཛོམས་ཀྱང་མིག་ཆུ་བཏང་མྱོང་མེད།།
ཨ་མས་མོས་པའི་གོམ་འགྲོས་ང་ལ་མེད།།
ཨ་ཕས་བསྐུར་བའི་ཡིག་ཆུང་མཐོང་མྱོང་མེད།།
ཨ་ལ་ཐ་ལའི་གླུ་གར་འཁྲབ་མྱོང་མེད།།
མེད་གསུམ་བུ་མོར་ཐུགས་ཁྲལ་མི་དགོས་ལགས།།
ཁམས་པའི་མི་ཡི་གཟུགས་སྟོབས་ང་ལ་མེད།།
ཁམས་པའི་བུ་མོའི་སྐྱེ་འབྲས་ང་ལ་མེད།།
ཁམས་པའི་མི་གཤིས་བཟང་པོ་ང་ལ་མེད།།
མེད་གསུམ་འཛོམས་ཀྱང་ཁམས་ཕྲུག་འཁྲུལ་མེད་ཡིན།།
གཞན་སེམས་སླུ་བའི་རྣམ་དཔྱོད་ང་ལ་མེད།།
གཞན་གྱིས་བཀུར་འོས་སྦྱང་འབྲས་ཤེས་ཡོན་མེད།།
སྟག་ཤར་ཕོ་རྒོད་བཀུག་པའི་འདོད་མོས་མེད།།
མེད་གསུམ་འཛོམས་པའི་བུ་མོའི་མིང་ཙམ་མ།།
མེད་མེད་གླེང་བཞིན་རང་མཚང་རང་སྒྲོག་འདི།།
གཞན་གྱིས་སྙིང་རྗེ་ཐོབ་ཕྱིར་བརྗོད་མ་ཡིན།།
དྲང་བདེན་ཟེར་བཞིན་ཡིད་སྨོན་ཐོབ་ཕྱིར་མིན།།
ཚོར་འདུ་མཚོན་པའི་སྨྱུ་གུའི་བྲོ་གར་ཞིག།
སྒྱུ་མ་ལྷ་མཛེས་ཁང་ཁྱིམ་གྱི་རང་ཤག་ནས་སྦྱར་བའོ།