དྷ་སར་༧གོང་ས་མཆོག་གི་གསུང་ཆོས།

གསུང་ཆོས་ཀྱི་ཐོག་མར་༸གོང་ས་མཆོག་གིས་གསུང་དོན། ཆོས་འབྲེལ་བྱེད་མཁན་གདུལ་བྱ་གཙོ་བོ་དེ་སེངྒ་པུར་ནས་ཡོང་བའི་རྒྱ་རིགས་དང་། ཧོང་ཀོང་ནས་ཁ་ཤས་ཡོད་པ་རེད། དེ་བཞིན་མ་ལི་ཤི་ཡ་ནས་ཡོད་པ་རེད། ནང་པ་ཡིན་པ་ཡང་འདུག ཡེ་ཤུའི་ཡིན་པ་ཁ་ཤས་འདུག ཆོས་ལ་དད་པ་མེད་པ་ཡང་ཁ་ཤས་ཡོད་འདུག་ཅེས་ཕྱི་ལོགས་ནས་ཡོང་བའི་ཆོས་ཞུ་བ་ཚོ་ངོ་སྤྲོད་གནང་ཡོད་པ་རེད།

ཁོང་གིས་མུ་མཐུད་སེམས་ཡར་རྒྱས་གཏོང་དགོས་སྐོར་གསུང་དོན། མི་ཚེ་བདེ་སྐྱིད་ལྡན་པ་དང་དོན་དང་ལྡན་པ་ཞིག་སྐྱེལ་དགོས་ན་ནང་སེམས་ཀྱི་རིན་ཐང་ཡར་རྒྱས་གཏོང་ཐབས་དགོས་པ་ལས།  ཕྱིའི་དངོས་པོའི་ལོངས་སྤྱོད་ཁོ་ནས་ང་ཚོར་བདེ་སྐྱིད་འདོད་པ་ཁེངས་པ་ཞིག་ཡོང་ཐབས་མེད་པ་རེད་ཅེས་དང་། སྤྱིར་ཆོས་ལུགས་ཚང་མའི་ནང་ལ་རང་རང་གི་བསྐྱབས་གནས་ལ་གསོལ་བ་འདེབས་པ་དང་། སྐྱབས་སུ་འགྲོ་པ་སོགས་སྐྱབས་འགྲོ་ཚང་མ་ལ་ཡོད་པ་རེད། སངས་རྒྱས་ཀྱི་ཆོས་དེ་སྐྱབས་སུ་འགྲོ་བའི་ཡུལ་དེ། སངས་རྒྱས་ཆོས་དང་དགེ་འདུན་ཏེ།། ཐར་པ་འདོད་པ་རྣམས་ཀྱི་སྐྱབས།། ཞེས་སློབ་དཔོན་ཟླ་བ་གྲགས་པས་གསུངས་པ་ནང་བཞིན། ཐར་འདོད་རྣམ་ཀྱི་སྐྱབས་གནས་དེ་སངས་རྒྱས། ཆོས། དགེ་འདུན་གསུམ་པོ་རེད་གསུངས་ཡོད་པ་རེད། སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་སྐྱབས་སུ་འགྲོ་བའི་སྐྱབས་འགྲོ་དེས་ཟིན་ཡོང་དུས། དཔེར་ན་མི་དགེ་བཅུ་སྤང་གི་བསླབ་བྱ་དང། དེ་བཞིན་སྡིག་སྤངས་དགེ་སྒྲུབ་བྱས་པ་དེ་ཚོ་སངས་རྒྱས་ཀྱི་ཆོས་ལ་འགྲོ་ཡི་ཡོད་པ་རེད། སྐྱབས་འགྲོ་དེ་ལྟ་བུའི་མ་ཟིན་པ་དཔེར་ན་སྲོག་བཅོད་སྤང་བ་དེ་བཞིན་མ་བྱིན་ལེན་པ་སྤང་བ་ལ་སོགས་པ། ཧ་ལམ་ལུས་ངག་གི་མི་དགེ་བ་བདུན། ཡིད་ཀྱི་མི་དགེ་བ་གནད་སེམས་གནོད་སེམས། དེ་ཚོ་ཡི་ཤུའི་ཆོས་པ་ཚོས་སྤང་གི་ཡོད་རེད། ཆོས་ལུགས་བྱེ་བྲག་པ་ཚོ་མང་ཆེ་བས་སྤང་གི་ཡོད་རེད། ལོག་ལྟ་དེ་སོ་སོ་སོའི་ལྟ་གྲུབ་དང་འབྲེལ་བའི་ཐོག་ནས་འཇོག་དགོས་ཀྱི་རེད། དེ་འདྲ་ཡིན་དུས་མི་དགེ་བཅུ་ཆ་ཡེ་ཤུའི་ཆོས་ནང་ལ་ཡོད་པ་རེད། དེ་ག་ནང་བཞིན་ཁ་ཆེ་སོགས་ཚང་མ་ནང་ལ་མི་དགེ་བཅུ་སྤང་གི་ཚུལ་ཁྲིམས་ཡོད་པ་རེད།   དེ་ཚོ་ཚང་མ་རང་རང་གི་སྐྱབས་རྟེན་མེད་པའི་སྐྱབས་སུ་སོང་བས་སོ་སོའི་ཆོས་ལུགས་ཆགས་འགྲོ་ཡི་ཡོད་རེད། སྲོག་བཅོད་སྤང་བ་ལྟ་བུ་བྱ་བ་དེ་གཅིག་པ་ཡིན་ཡང་། གཅིག་དེ་སངས་རྒྱས་ཆོས་དགེ་འདུན་ལ་སྐྱབས་སུ་འགྲོ་བའི་ཐོག་ནས་སྲོག་བཅོད་སྤང་བ་ཡིན་ན། སངས་རྒྱས་ཀྱི་ཆོས་ཆགས་ཀྱི་ཡོད་རེད་ཅེས་བཀའ་སློབ་མདོར་བསྡུས་གནང་བ་དང་གསུང་ཆོས་དབུ་འཛུགས་གནང་ཡོད་པ་རེད།
ཕྱི་རྒྱལ་ཁག་ནས་དད་ལྡན་ཆོས་ཞུ་བ་༡༣༠༠ ཙམ་དང་། དྷ་སའི་སེར་སྐྱ་མི་མང་ཆོས་ཞུར་བཅར་ཡོད་པ་རེད།།