མགོ་ལོག་ཏུ་ཇག་པས་མི་གསོད་འཕྲོག་བཅོམ།

འཇམ་ཚང་སྐར་སྐྱབས་བཟའ་མི་གཉིས་ནི་ཕྱི་ལོ་༢༠༠༩ ལོར་འོད་སྡེར་ནང་དུ་བོད་ནང་དུ་བདེ་སྐྱིད་མེད་པ་དང་། རྒྱ་གཞུང་གི་མནར་གཅོད་འོག་རང་དབང་མེད་ཚུལ་སོགས་དངོས་ཡོད་གནས་ཚུལ་གསལ་པོ་བརྗོད་པ་དང་། ཕྱིས་སུ་བཙན་བྱོལ་ནང་ཁྱབ་བསྒྲགས་ཤུགས་ཆེ་བྱུང་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་༢༩ དགོང་མོ་འཇམ་ཚང་སྐར་སྐྱབས་དང་ཁོང་གི་བཟའ་ཟླ་གཡང་སྒྲོན་གཉིས་ཀྱི་ནང་དུ་ཇག་པ་སྐོར་ཞིག་སླེབས་ནས་བཟའ་ཟླ་གཡང་སྒྲོན་བསད་པ་དང་། སྐར་སྐྱབས་ཀྱི་ཁ་ནང་དུ་གྲི་རྒྱབ་སྟེ་ཤི་ལ་ཁད་བྱས་ཡོད་འདུག  ད་དུང་ཁོང་གཉིས་ལ་རོགས་པ་བྱེད་མཁན་བུ་མོ་ལོ་༢༩ ཅན་ཞིག་ཡོད་པ་དེ་མ་ཤི་ཙམ་བྱས་ནས་གསེར་དངུལ་དང་རྒྱུ་ནོར་གང་མང་འཕྲོག་བཅོམ་བྱས་ཡོད་འདུག སྐར་སྐྱབས་ནི་ད་ལྟའི་ཆར་ལོ་༨༧ ཡིན་པ་དང་། ཁོང་གི་བཟའ་ཟླ་འདས་པོ་ནི་ལོ་༦༨ ཡིན་པ་རེད། ཁོང་ནི་མགོ་ལོག་དགའ་བདེ་རྫོང་ཁོངས་ནས་ཁྱིམ་ཚང་ཕྱུག་ཤོས་ཡིན་ཚུལ་ཡང་བརྗོད་འདུག
ཇག་པ་དེ་དག་གིས་བོད་སྐད་བརྒྱབ་པ་དང་། བོད་པ་ཡིན་ཚུལ་ཤོད་བཞིན་འདུག་ལ། ད་ལྟའི་ཆར་གནས་ཚུལ་གསལ་པོ་རྩད་གཅོད་བྱུང་མེད་ཚུལ་འདུག གནས་ཚུལ་འདི་ནི་གླིང་འདན་བཟའི་ངོ་དེབ་ཏུ་སྤེལ་བའི་གནས་ཚུལ་དང་། འབྲེལ་ཡོད་ཅིག་གིས་གནས་ཚུལ་ངོ་སྤྲོད་གནང་བ་གཞིར་བཞག་གིས་བསྡུ་སྒྲིག་བྱས་པ་ཡིན།།

{jcomments on}