ཆེ་ཤ་ཉོ་ཚོང་བྱས་ནས་བོད་པ་ཞིག་བཀག་ཉར།
ཀང་ར་རྫོང་གི་ཉེན་རྟོག་འགོ་དཔོན་གྱིས་གསར་འགོད་པར་བརྗོད་དོན། ཉེན་རྟོག་པའི་དམིགས་གསལ་ཞིབ་འཇུག་སྡེ་ཚན་གྱིས་དྷ་རམ་ས་ལའི་ཉེ་འདབས་སི་དྷི་པུར་དུ་ལྡི་ལིའི་ཨང་གྲངས་འཁོད་པའི་རླངས་འཁོར་ཊོ་ཡོ་ཊ་ཨི་ནོ་ཝ་ཞིག་ལམ་ཁ་ནས་བཀག་སྟེ་སྔོག་བཤེར་བྱེད་སྐབས། མོ་ཏྲ་དེའི་ནང་ནས་ཆེ་ཤ་ཕོན་ཆེ་རྙེད་ཡོད་པ་རེད། ཧི་མ་ཅལ་མངའ་སྡེའི་ནང་དུ་ཆེ་ཤ་ཉོ་ཚོང་མི་ཆོག་པས། རླངས་འཁོར་གྱི་ཁ་ལོ་པ་བོད་མི་ཞིག་འདུག་པ་དང་དེ་ལ་འདྲི་རྩད་བྱས་པའི་སྐབས། ཆེ་ཤ་དེ་ལྡི་ལི་ནས་ཁྱེར་ཡོང་ཚུལ་བརྗོད་ཡོད་པ་དང། བཱེཇ་ན་ཐའི་ཕྱོགས་སུ་འགྲོ་བཞིན་པ་ཡིན་འདུག རླངས་འཁོར་གྱི་ཁ་ལོ་པ་འཛིན་བཟུང་བྱས་ཏེ། ༡༩༧༩ ལོའི་ཧི་མ་ཅལ་མངའ་སྡེ་ནང་བ་ཕྱུགས་གསོད་མི་ཆོག་པའི་ཁྲིམས་ཀྱི་དོན་ཚན་༥ པ་དང་༨ པ་གཞིར་བཟུང་བཀག་ཉར་བྱས་ཡོད་པ་རེད་ཅེས་གསལ་འདུག།།