༢༠༡༡ ལོའི་བལ་ཡུལ་གྱི་མཛངས་མ།
ཕྱི་ཟླ་༨ ཚེས་༣༠ ཉིན་རྒྱལ་ས་ཀཱ་ཐ་མན་ཀྲུ་ནས་བལ་ཡུལ་གྱི་བུད་མེད་འགྲན་ཞུགས་པ་མི་གྲངས་ ༡༩ མཉམ་ཞུགས་བྱས་ཏེ། ༢༠༡༡ ལོའི་མཛངས་མའི་འགྲན་སྡུར་བྱས་མཐར། ལོ་ན་ ༢༣ ཡིན་པའི་བུད་མེད་ མཱ་ལི་ནཱ་ རྗོ་ཤི་ ལགས་སུ་ ༢༠༡༡ ལོའི་བལ་ཡུལ་གྱི་མཛངས་མའི་རྒྱལ་ཁ་ཐོབ་ནས་ ༢༠༡༠ ལོའི་མཛངས་མ་སཱ་དྷི་ཆ་ ཤིར་སི་ཐ་ལགས་ཀྱིས་ཁོ་མོར་དབུ་རྒྱན་བསྒྲོན་ཡོད་པ་རེད།
ཁོ་མོའི་ཆེད་ལས་སློབ་སྦྱོང་ནི་ཚོང་ལས་དང་དྲིལ་བསྒྲགས་སྐོར་ཡིན་པ་དང་། ནམ་ཡང་ཨུ་ཚུགས་དང་བློ་ཐག་ཆོད་པོས་མི་ཚེའི་ནང་གང་དགོས་བ་དེ་བྱེད་པར་དགའ་ཞིང་། ཁོ་མོའི་ཁྱད་ཆོས་གཙོ་བོ་ནི་ནམ་ཡང་ཚོད་བལྟ་དང་ཐབས་ཤེས་མཚམས་འཇོག་མི་བྱེད་པ་དེ་ཡིན་པ་དང། མངོན་འདོད་གཙོ་བོ་ནི་གསར་གཏོད་རང་བཞིན་གྱི་ཁྱབ་བསྒྲགས་ཆེད་ལས་གཙོ་སྒྲུབ་མི་སྣ་བྱེད་རྒྱུ་ཡིན་འདུག།
ད་དུང་འགྲན་སྡུར་ཁྲོད་དབུ་སྐྲ་ཡག་ཤོས་དང་། པར་བྱད་མཛེས་མ། འཛུམ་མདངས་ལྡན་པ། གཤིས་སྤྱོད་ཡག་ཤོས་སོགས་ཀྱང་འདེམས་ཐོན་བྱུང་ཡོད་པ་རེད།
ལོ་རེའི་བལ་ཡུལ་གྱི་མཛངས་མའི་རྒྱལ་ཁ་ཐོབ་མཁན་གང་རུང་འཛམ་གླིང་མཛེས་མའི་འགྲན་སྡུར་དང་དེ་ལས་ལྷག་གོ་ལའི་མཛེས་མའི་འགྲན་སྡུར་སོགས་སུ་མཉམ་ཞུགས་བྱེད་རྒྱུའི་འོས་ཆོས་ཚང་བར་བརྩི་བཞིན་པ་དང་། བལ་ཡུལ་མཛེས་མའི་འགྲན་སྡུར་ཕྱི་ལོ་ ༡༩༩༤ ལོ་ནས་འགོ་བཙུགས་འདུག།།
བལ་ཡུལ་གསར་འགོད་པས།