༧གོང་ས་མཆོག་བགྲེས་ཡོལ་རྗེས་ཀྱི་མང་གཙོའི་དུས་དྲན་དང་པོ།

democry5 _2_9_2011མཛད་སྒོ་དེ་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གོ་སྒྲིག་བྱས་པ་དང་། མཛད་སྒོའི་ཐོག་རྒྱ་གར་ཧི་ཅལ་མངའ་སྡེའི་བློན་ཆེན་ཕེབས་ཀྱི་ཡོད་པར་བརྟེན། ཞོགས་པ་སྔ་པོ་ནས་གཙུག་ལག་ཁང་གི་ཕྱི་ནང་དུ་སྐུ་སྲུང་ཉེན་རྟོག་པ་བཀྲམ་འདུག་ལ། མི་མང་ཡང་ཧ་ཅང་མང་པོ་འཛོམས་ཡོད་པ་རེད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྐུ་མགྲོན་གཙོ་བོ་རྒྱ་གར་ཧི་མ་ཅལ་མངའ་སྡེའི་བློན་ཆེན་པཱེ་རམ་ཀུ་མར་རྡུ་མལ་མཆོག་གིས་དབུས་རྒྱ་གར་གྱི་དཔོན་རིགས་ཁག་ཅིག་ཕེབས་ཡོད་པ་རེད། སྐུ་མགྲོན་རྣམས་བཞུགས་གྲལ་དུ་འཁོད་རྗེས་བོད་གཞུང་ཟློས་གར་ཚོགས་པའི་རྔ་རོལ་དང་སྦྲགས། བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་རྒྱལ་བསྒྲེངས་འཛུགས་དང་། མངའ་སྡེའི་བློན་ཆེན་མཆོག་གིས་རྒྱ་གར་གྱི་རྒྱལ་དར་བསྒྲངས་འཛུགས་གནང་ཡོད་པ་རེད། དེ་རྗེས་བོད་གཞུང་ཟློས་གར་ཚོགས་ཚོགས་མང་གཙོའི་རོལ་གཞིས་བཏང་ཡོད་པ་རེད།

མཛད་སྒོའི་ཐོག་སྤྱི་ནོར་༧གོང་ས་མཆོག་གིས་བོད་མི་རྣམས་ཇི་ལྟར་རང་དབང་མང་གཙོའི་ལམ་དུ་སྐུལ་འདེད་གནང་བའི་བཀའ་སློབ་ཟབ་མོ་ཁག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་བསྩལ་བའི་བཀའ་སློབ་གསུང་འཕྲིན་སྔ་རྗེས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། བཀའ་ཤག་གིས་མང་གཙོའི་དུས་དྲན་སྔ་རྗེས་ཀྱི་གསུང་བཤད་ཁག་བཅས་བོད་མི་མང་སྤྱིི་འཐུས་ལྷན་ཚོགས་ཀྱིས་ཕྱོགས་བསྒྲིགས་གནང་བའི་<<མང་གཙོའི་ལམ་བུ་>>ཞེས་པའི་དཔེ་དེབ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ནས་མི་ལོ་༥༠ འཁོར་བའི་དུས་ཚིགས་དང་སྟབས་བསྟུན་སློབ་གྲྭ་ཁག་གི་ནང་བཙན་བྱོལ་བོད་མིའི་མང་གཙོ་དང་འབྲེལ་བའི་སྐོར་འབྲི་རྩོམ་དང་། རི་མོའི་འགྲན་སྡུར་གནང་བ་ཕྱོགས་བསྒྲིགས་ཀྱི་དཔེ་དེབ་གཉིས་བཅས་ཁྲིབས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་ནས་དབུ་འབྱེད་གནང་ཡོད་པ་རེད།

དེ་རྗེས་ཕྱི་དྲིལ་ཁོར་ཡུག་ཚན་པས་འདོན་འགྲེམས་བྱས་པའི་<<བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་>>ཞེས་པའི་དཔེ་དེབ་དང་། རྣམ་རྒྱལ་གྲྭ་ཚང་གི་ཤེས་ཡོན་ལྷན་ཚོགས་ནས་པར་སྐྲུན་བྱས་པའི་༧གོང་ས་མཆོག་གི་གིས་བསྩལ་བའི་བླ་མ་མཆོད་པའི་ཉམས་ཁྲིད་དང་། བོད་ཀྱི་ནང་ཆོས་ངོ་སྤྲོད་སྙིང་བཅུད་བཅས་ཀྱི་དཔེ་དེབ། དིང་རི་ངག་གི་རྒྱའི་བཙན་འོག་དཀའ་སྡུག་མྱང་བའི་དངོས་བྱུང་གི་ལོ་རྒྱུས་<<ཇོ་མོ་གླང་མའི་བུ་ཕྲུག་>>ཅེས་པ་དབྱིན་ཡིག་ཐོག་ཕབ་བསྒྱུར་བྱས་པ་བཅས་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་དབུ་འབྱེད་གནང་ཡོད་པ་རེད།

democry3 _2_9_2011ཤེས་རིག་ལུས་ཁུངས་ནས་དགའ་ལྡན་ཕོ་བྲང་སློབ་མའི་གཟེངས་རྟགས་ཞེས་པ་དེ་མངའ་སྡེའི་བློན་ཆེན་པཱེ་རེམ་ཀུ་མར་རྡུ་མལ་མཆོག་གིས་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་གཟེངས་ཐོན་པ་གསུམ་ལ་གནང་ཡོད་པ་རེད། དེ་རྗེས་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་མང་གཙོའི་དུས་དྲན་ཐོག་གི་བཀའ་ཤག་གི་གཏམ་བཤད་སྒྲོགས་སྦྱང་གནང་བ་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་། དེ་རྗེས་རྒྱ་གར་མངའ་སྡེའི་བློན་ཆེན་པཱེ་རེམ་ཀུ་མར་རྡུ་མལ་མཆོག་གིས་བོད་ཀྱི་གནས་བབ་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད།

མཇུག་ཏུ་གཞས་སྣ་འཁྲབ་སྟོན་ཁག་ཅིག་གོ་སྒྲིག་བྱས་འདུག་ཀྱང་། ཕྱི་ཟླ་༨ ཚེས་༣༡ ཉིན་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་སྐུ་གཤེགས་པར་བརྟེན། གཞས་སྣ་འཁྲབ་སྟོན་ཕྱིར་བསྡུ་བྱས་ཡོད་པ་རེད།

{jcomments on}