༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌གྲོང་གསེབ་གསར་པ།༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌

དེ་ལྟར་རྒོད་པའི་ཁྱོད།

གཡག་རྒོད་ལས་ཀྱང་རྒོད་ཅིང་།

གླང་ཆེན་ལས་ཀྱང་སྟོབས་ཆེ་བའི་གྲོང་གསེབ་གསར་པ།

ཁྱོད་ཀྱི་བཅོས་མའི་འཛུམ་བག་རེ་རེས།

ངེད་སྤུན་ཟླ་དུ་མར་མ་འོངས་མེད་ལ་ད་ལྟ་དབེན་པའི་གནས་དེར་འདྲེན།

ཁྱོད་ཀྱིས་རྫུས་པའི་གཟུགས་བརྙན་ཟབ་མོས།

ངེད་སྤུན་ཟླ་མི་རིགས་ཀྱི་སེམས་པ་འཕྲོག

ཁྱོད་ཀྱིས་སྐར་ཆ་རེ་ལ་བསམ་བློ་རེ་བཏང་ཞིང་།

སྐད་ཅིག་རེ་ལ་འཆར་གཞི་རེ་བཟོས་ཀྱང་།

རྫུན་པ་ནི་ནམ་ཡང་བདེན་པར་འགྱུར་མི་སྲིད་ལ།

རྫུན་པ་ནི་ནམ་ཡང་རྒྱལ་མི་སྲིད།


དེར་བརྟེན། གྲོང་གསེབ་གསར་བ།

ཁྱོད་ཀྱི་བྱམས་བརྩེ་དེ་ཇི་ཙམ་གྱིས་ཟབ་ཀྱང་།

ཁྱོད་ཀྱི་སྙིང་རྗེ་དེ་ཇི་ཙམ་གྱིས་ཆེ་ཡང་།

ཁྱོད་ཀྱི་ལྷག་བསམ་དེ་ཇི་ཙམ་གྱིས་ལྷག་ཀྱང་།

ང་ཚོའི་མི་རིགས་འདི་དང་།

ང་ཚོ་བོད་པ་ཚོར་།

ཁ་འཇམ་ཁོག་རྩུབ་ཀྱི་གཅེས་སྐྱོང་རྫུན་མ་དེ་མི་དགོས་ལ།

གཅིག་བཟོ་བརྒྱ་གཏོར་གྱི་འཛུགས་སྐྲུན་དེ་བས་ཀྱང་མི་དགོས།

 

གྲོང་གསེབ་གསར་བ།

ཁང་ཁྱིམ་གསར་བ།

མི་སྣ་གསར་བ།

འཛུགས་སྐྲུན་གསར་བ།

གསར་བ་གསར་ཀྱང་དེ་དག་གི་རྐྱེན་པས།

ངེད་ཕ་མེས་ཡང་མེས་ནས་རྔུལ་ཆུས་བསྐྱངས་བའི་སྲོལ་རྒྱུན།

ཡུལ་སྲོལ། གོམས་གཤིས་རིམ་བཞིན་ཡལ་ཞིང་།

ཡངས་པའི་རྩྭ་ཐང་སྟེང་གི་སྦྲ་ནག་དག

ཇེ་ཉུང་ནས་ཇེ་ཉུང་དུ་ཕྱིན།

དེ་ལྟར་ཇེ་ཉུང་དུ་ཕྱིན་པའི་སྦྲ་ནག་རེ་རེའི་ཆེད།

ཡངས་པའི་རྩྭ་ཐང་ཆེན་མོའི་སྨྲེ་ངག་ཟབ་མོ།

ངུ་ངག་གི་དབྱངས་རྟར་བཞོན་ནས་ལྷོ་རུ་འཕུར།


ང་ཚོ་ཡུལ་གྱར་སྤུན་ཟླའི་སྐྱོ་གླུ་རེ་རེས།

གཞིས་ལུས་སྤུན་ཟླའི་སེམས་པ་མཚོན་ཐབས་བྱས།

གང་ལྟར་ཡང་།

གསར་བ་གསར་རྐྱང་ལགས། ཁྱོད་ལ་མ་འོངས་བར་གྲུབ་འབྲས་མེད་ལ།

མདུན་ལམ་མེད།

ཁྱོད་ལ་རྒྱུ་བ་མེད་ལ་ལྷག་བསམ་དེ་བས་ཀྱང་མེད་སྟབས།

ཁྱོད་རྒྱང་རིང་ནས་རྒྱང་རིང་དུ་མྱུར་དུ་བཞུད་རོགས་ཞུ།