རྒྱ་ནག་གི་གཞུང་ཚབ་མདུན་ཟས་བཅད་ངོ་རྒོལ།

u truk tsering

དེ་ཡང་འབྲེལ་ཡོད་ཀྱིས་གནས་ཚུལ་བཏང་བའི་ནང་ལས་འགུལ་དེ་སྤེལ་དགོས་དོན་སྐོར་འཁོད་དོན། “བོད་ས་ཡོངས་སུ་དགྲ་ལག་ཏུ་ཤོར་ཉིན་ནས་བཟུང་དེ་རིང་བར། བོད་ཁམས་ཡོངས་སུ་རྒྱ་ནག་དམར་པོའི་གཞུང་གིས་མངོན་ལྐོག་ཅི་རིགས་ཀྱི་སྒོ་ནས། བོད་མི་རིགས་དང་ཁོར་ཡུག ཆོས་དང་རིགས་གཞུང་རྩ་གཏོར་གྱི་ངན་ཇུས་དང་། ལག་བསྟར་སྲིད་ཇུས་ཉིན་རེ་ནས་ཉིན་རེར་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་། ལྷག་དོན་ཕྱི་ལོ་༢༠༠༨ ལོརའི་ཡ་ངའི་དམར་གསོད་དང་སྡུག་སྦྱོང་། ཉེ་བའི་ཆར་ཁམས་དཀར་མཛེས་རྟའུ་དང་ཨམ་མདོ་རྔ་པ་ཀིརྟི་དགོན་བཅས་སུ། ཚད་ལས་འདས་པའི་དམ་དྲག་དང་མནར་གཅོད་འོག་བོད་མི་ཚོས་དཀའ་སྡུག་མྱངས་དང་མྱོང་བཞིན་པ་དང་། དེས་རྐྱེན་པས་རྒྱལ་གཅེས་པ་སྐུ་ཞབས་ཕུན་ཚོགས་དང་ཚེ་དབང་ནོར་བུས་རང་ལུས་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་ལེགས་སྐྱེས་སུ་ཕུལ་བའི་སྙིང་སྟོབས་དང་། ཁོང་གཉིས་ཀྱི་གཙོས་རྒྱལ་གཅེས་པ་རྣམས་ཀྱི་ལྷག་བསམ་ལ་རྗེས་དྲན་དང་། གདུང་སེམས་མཉམ་བསྐྱེད་ཆེད་དུ་ཡིན་”ཞེས་འཁོད་འདུུག

u truk tsering1ཡང་གནས་ཚུལ་མཁོ་སྤྲོད་པའི་ལས་འགུལ་དེའི་བརྒྱུད་རིམ་སྐོར་གསུང་དོན། “ཕྱི་ལོ་༢༠༡༡ ཟླ་༩ ཚེས་༢ ཉིན་བོད་ཀྱི་མང་གཙོའི་དུས་ཆེན་དང་སྐབས་བསྟུན། ཨོ་སི་ཏྲི་རི་ཡའི་བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག    ས་གནས་ཀྱི་བོད་རིགས་སུམ་ཅུ་ལྷག་ཙམ་གྱིས་ཞོགས་པའི་ཆུ་ཚོད་༡༠ ནས་འགོ་འཛུགས་ཀྱིས་ཕྱི་དྲོ་ཆུ་ཚོད་༦ བར། ཨོ་སོ་ཏྲི་རི་ཡའི་རྒྱལ་ས་ཝན་གྱི་རྒྱ་ནག་གཞུང་ཚབ་ཀྱི་མདུན། ཉིན་གཅིག་རིང་ཟས་བཅད་ངོ་རྒོལ་གནང་ཡོད། ཞོགས་པའི་ཆུ་ཚོད་༡༠ པའི་ཐོག་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ངག་དབང་ལགས་ཀྱིས་ལས་འགུལ་གྱི་ངོ་བོ་དང་། དམིགས་ཡུལ་གསུང་བཤད་གནང་། ཉིན་དགུང་ཚུ་ཚོད་༡༢ ལ་གསར་འགོད་གསལ་བསྒྲགས་གནང་།    ཕྱི་དྲོ་ཟས་བཅད་ངོ་རྒོལ་མཇུག་སྒྲིལ་བ་དང་། རྒྱ་ནག་གི་གཞུང་ཚབ་མདུན་ནས་གྲོང་ཁྱེར་གྱི་ལྟེ་གནས་སི་ཏྲི་ཕིན་པ་ལ་སེ་མདུན་བར།    བྱང་ཆུབ་སེམས་མཆོག་གྱེར་འདོན་དང་སྦྲགས་ཞི་བའི་གོམ་བགྲོད་གནང་།    དེ་གར་བོད་དོན་དྲིལ་བསྒྲགས་ཡིག་ཆ་འགྲེམས་སྤེལ་དང་། དབྱིན་ཇི་དང་འཇར་མན་སྐད་ཡིག་ཐོག་ནས་ལས་འགུལ་གྱི་དམིགས་ཡུལ་དང། དགོས་འདུན་དོན་ཚན་དྲུག་ཅན་གྱི་བསྒྲགས་གཏམ་སྒྲོགས་སྦྱང་གནང་། དེ་རྗེས་གདུང་དབྱངས་གཅིག་གྱུར་གྱིས་ཚད་མེད་ཡོན་ཏན་གྲུབ་རྗེས། སྐད་ངག་མཐོན་པོས་བོད་རྒྱལ་ཁབ་ཀྱི་རྒྱལ་གླུ་བཏང་ནས་ཉིན་གཅིག་གི་ལས་འགུལ་ལེགས་གྲུབ་བྱུང་།།