བལ་ཡུལ་དུ་མང་གཙོའི་དུས་ཆེན་སྲུང་བརྩི་བྱེད་མ་ཐུབ་པ།

ཕྱི་ཚེས་ ༢ ཉིན་ནི་བཙན་བྱོལ་བོད་མིའི་མང་གཙོ་ལམ་ལུགས་དབུ་བརྙེས་ནས་ལོ་ལྔ་གཅིག་འཁོར་བའི་སྐལ་བཟང་དུས་སྟོན་གྱི་ཉིན་མོ་ཡིན་ཡང་། བལ་ཡུལ་དུ་གནས་སྡོད་བོད་མི་ཚོས་སྔ་ས་ནས་གྲ་སྒྲིག་དང་གསལ་བསྒྲགས་བྱས་མིན་ལ་མ་བལྟོས་པར། བལ་ཡུལ་གཞུང་གིས་དེ་འབྲེལ་གྱི་བྱེད་སྒོ་སྤེལ་རྒྱུར་ཆོག་མཆན་མ་སྤྲད་པར་དམ་དྲག་བཀག་བསྡོམས་བྱས་ཡོད་པ་རེད། བལ་ཡུལ་བོད་མིའི་འབྲེལ་མཐུད་པ་འཕྲིན་ལས་བླ་མ་ལགས་ཀྱིས་གསུང་དོན། ང་ཚོས་སྔར་རྒྱུན་ལྟར་མང་གཙོ་དུས་ཆེན་གཞུང་དགོན་བསམ་གཏན་གླིང་དགོན་པར་འཚོག་རྒྱུར་སྟ་གོན་དང་། འབྲེལ་ཡོད་བལ་ཡུལ་གྱི་རྫོང་སྡེ་ལས་ཁུངས་སོགས་སུ་བཀའ་ཁྲོལ་ཞུ་ཐབས་བྱས་ཀྱང་། བཀའ་ཁྲོལ་མ་བྱུང་ཐོག་ཉིན་དེར་བོད་མི་འདུ་འཛོམས་དང་། དེ་འབྲེལ་གྱི་བྱེད་སྒོ་འདྲ་མིན་སྤེལ་བ་ཡིན་ན་བོད་མི་ཚོར་འཛིན་བཟུང་དང་བཀག་ཉར་སོགས་ཀྱི་དཀའ་ངལ་འཕྲད་སྲིད་པའི་ཉེན་བརྡ་སོགས་བཏང་བར་བརྟེན། ང་ཚོས་གནས་ཡུལ་གཞུང་ལ་མཛད་དཀའ་མི་ཡོང་བར་བསམ་ཤེས་དང་བོད་མིའི་དཀའ་ངལ་སེལ་ཆེད་ཕུགས་རྒྱང་རིང་པོར་བསམ་བློ་བཏང་ནས། མི་ཚོགས་འཛོམས་པའི་གཞུང་འབྲེལ་མཛད་སྒོ་མི་སྤེལ་རྒྱུ་བྱས་པ་ཡིན། འོན་ཀྱང་བོད་མི་གནས་ཡུལ་སོ་སོར་རྟེན་འབྲེལ་རང་བཞིན་གྱི་བྱེད་སྒོ་སྟབས་བདེ་རེ་སྤེལ་ཐབས་བྱས་བ་ཡིན་ཞེས་གསུངས་སོང་།

ཉིན་དེར་བོད་པ་མི་ཉུང་བས་སོ་སོ་རང་ཐད་ནས་རྟེན་འབྲེལ་གྱི་བྱེད་སྒོ་རེ་སྤེལ་ཐབས་བྱས་ཀྱང་། སྔ་ས་ནས་འབྱོར་ཡོད་པའི་ཉེན་རྟོག་པ་ཚོས་ཡོངས་སུ་དམ་དྲག་བཀག་བསྡོམས་བྱས་ཡོད་པ་དང་། བོད་མི་གནས་སྡོད་བྱེད་ཡུལ་ས་གནས་ཁག་ལ་ཉིན་གང་བལྟ་སྲུང་བྱས་ཡོད་པ་རེད།
བཙན་བྱོལ་བོད་མིའི་མང་གཙོ་ལམ་ལུགས་ནི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཡང་དག་པའི་དབུ་ཁྲིད་ལམ་སྟོན་འོག་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་དངོས་སུ་དབུ་བརྙེས་པ་ལྟར། དེ་ནས་བཟུང་བོད་ཕྱི་ཕྱོགས་སུ་བོད་མི་ཚོས་ལོ་ལྟར་མང་གཙོའི་དུས་ཆེན་སྲུང་བརྩི་བྱེད་བཞིན་པ་རེད།།
བལ་ཡུལ་ས་གནས་གསར་འགོད་པས།