རྒྱ་གར་བོད་མིའི་རྒྱབ་རྩར་དུས་རྒྱུན་དུ་ལངས་ཡོད།

ཕྱི་ལོ་༡༩༩༠ ནང་ང་རང་དྷ་རམ་ས་ལར་ཐེངས་ཁ་ཤས་སླེབས་མྱོང་ཡོད། དེ་བཞིན་ཕྱི་ལོ་ ༢༠༠༦ ལོར་ཐེངས་གཅིག་ཡོང་བའི་གོ་སྐབས་བྱུང། དེ་རྗེས་ངས་<<ལྷ་ནས་གངས་ཏེ་སེར་འབོད་པ་>>ཞེས་པའི་ཧིན་སྐད་ནང་དཔེ་དེབ་ཞིག་བྲིས་པ་ཡིན།    དེའི་ནང་དོན་ནི་རྒྱ་གར་གྱིས་བོད་མིའི་གཞིས་རྩའི་ཐོབ་ཐང་རག་པར་རོགས་འདེགས་བྱེད་དགོས་ཞེས་ལྷ་ནས་བོད་མི་ཚོས་རྒྱ་གར་བ་གངས་ཏི་སེ་རུ་གནས་སྐོར་དུ་འགྲོ་མཁན་ཚོར་བརྗོད་པའི་དོན་ཡིན་”ཞེས་གསུངས་སོང་།

kumar ཁོང་གིས་མུ་མཐུད་བོད་ཀྱི་མང་གཙོའི་སྐོར་གསུང་དོན། “དེང་སང་བོད་མིའི་སྒྲིག་འཛུགས་འདི་རྒྱ་གར་ལྟར་མང་གཙོ་དང་ལྡན་པ་ཆགས་ཡོད།    དེའང་༸གོང་ས་སྐྱབས་མགོན་ཆེན་པོའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་རེད།    ༧གོང་ས་མཆོག་གིས་ང་ཕོ་བྲང་དུ་མགྲོན་འབོད་གནང་སོང།    ཁོང་གིས་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་མི་མང་ནས་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པར་རྩིས་སྤྲོད་བྱས་པ་དེར་དགའ་སྤྲོ་ཆེན་པོ་གནང་གི་འདུག   བོད་མི་ཚོས་ཁོང་ལ་ཆོས་སྲིད་གཉིས་ཀྱི་ཐུགས་འགན་མུ་མཐུད་དེ་བཞེས་དགོས་པའི་སྐྱབས་འཇུག་ཞུས་ཀྱང་དེ་ལྟར་མ་གནང་པ་རེད། ད་ལོ་བཀའ་བློན་ཁྲི་པར་འདེམས་འཐོན་བྱུང་བ་སྒུལ་ཤུགས་ལྡན་པའི་ན་གཞོན་མཁས་དབང་བློ་བཟང་སེང་གེ་མཆོག་གི་སྣེ་ཁྲིད་འོག་བོད་མིའི་སྒྲིག་འཛུགས་འདི་སྔར་བས་ལྷག་ཡར་རྒྱས་འགྲོ་ཡི་རེད། ༧གོང་ས་མཆོག་གིས་གང་གནང་བ་དེ་ནི་འཆར་གཞི་ལྡན་པ་དང་ཕུགས་རྒྱང་རིང་པོར་དགོངས་པ་བཞེས་ཏེ་ཐག་གཅོད་གནང་བ་ཞིག་རེད།    ཁོང་གི་མཛད་ཆེན་དེས་བོད་མིའི་མང་གཙོའི་གཞི་རྟེན་འདི་ད་དུང་ཡང་སྲ་བརྟན་དང་གཞི་རྒྱ་ཆེ་རུ་བཏང་ཡོད། རྒྱ་གར་དང་བོད་ནང་སྔ་མོ་ནས་ཆོས་ཕྱོགས་ཀྱི་གོ་གནས་དེ་སྲིད་ཕྱོགས་ལས་མཐོ་བ་ཡོད།  དེར་བརྟེན་༸གོང་ས་མཆོག་ལ་ཆ་མཚོན་ནའང།  ཁོང་གི་བཞུགས་ཁྲི་རྒྱ་གར་གཞུང་དང་དབུས་བོད་མིའི་སྒྲིག་འཛུགས་གཉིས་གའི་ནང་དུ་ཡོད་པ་ཞིག་རེད་”ཅེས་༧གོང་ས་མཆོག་ལ་ཆེ་བསྟོད་གནང་གསུངས་སོང་།

ཁོང་གིས་མུ་མཐུད་ཆབ་སྲིད་ལམ་ལུགས་ནང་མང་གཙོ་དེ་ཡག་ཤོས་ཡིན་སྐོར་གསུང་དོན། “འཛམ་གླིང་ནང་སྲིད་གཞུང་ལམ་སྲོལ་འདྲ་མིན་ཡོད།   དཔེར་ན།   དམར་པོའི་རིང་ལུགས་དང།   རྒྱལ་པོའམ་རྒྱལ་མོའི་རིང་ལུགས།   བཀས་བཀོད་རྒྱུན་འཛིན་རིང་ལུགས་སོགས་ཡོད།  དེ་ལྟ་ནའང་མང་གཙོ་རིང་ལུགས་འདི་ནི་ཆེས་ལེགས་ཤོས་ཀྱི་སྲིད་གཞུང་དེ་རེད།   བཙན་འབྱོལ་བོད་མིའི་འདས་པའི་ལོ་༥༡ དེ་ནི་མི་ལོ་དང་ལོ་རྒྱུས་གཉིས་ག་ལྡན་པའི་དུས་ཡུན་ཞིག་ཏུ་གྱུར་ཡོད།    དེའི་རིང་༸གོང་ས་མཆོག་གིས་སྐུ་ལས་བསྐྱོན་པའི་བཀའ་དྲིན་ལ་བརྟེན་ནས་བོད་མི་ཚོ་ཡར་རྒྱས་ཆེན་པོ་ཡིན་ཕྱིན་ཡོད།   ད་བར་གྱི་ཁྱེད་ཚོས་བྱས་རྗེས་དེར་སྔགས་བརྗོད་ཡོད།  མང་གཙོ་ནི་རང་དབང་ལྡན་པའི་སྤྱི་ཚོགས་ཤིག་ཡིན།   ཁྱེད་རྣམ་པས་མཁྱེན་གསལ་ལྟར་ཉེ་ཆར་རྒྱལ་ས་ལྡི་ལི་གསར་པར་སྐུ་ཞབས་ཨན་ན་ཧ་ཛ་རེ་མཆོག་གིས་ལྐོག་ཟ་རུལ་སུངས་འགོག་པའི་ལས་འགུལ་ཞིག་སྤེལ་བར།   རྒྱ་གར་གྲོས་ཚོགས་ནང་དུ་སྲིད་གཞུང་ནས་རྩ་འཛིན་ཁྲིམས་ཡིག་བཟོ་ཆེད་གྲོས་གཞི་བཞག་ཡོད་པ་རེད།    དེའི་རིང་དུ་རྒྱ་གར་མི་མང་དང་སྲིད་གཞུང་གཉིས་གས་མང་གཙོའི་ལྟ་སྤྱོད་དང་མི་འགལ་བ་བྱས་ཡོད།   ཨི་ཇིབ་དང་ལི་བྷི་ཡའི་ནང་མང་གཙོ་མེད་པ་ཡིན་སྟབས་མི་མང་ནས་སྲིད་གཞུ་འགོ་རྟིང་བསླག་སྟེ་ད་ལྟ་མང་གཙོར་འགྱུར་བཞིན་ཡོད།   མང་གཙོ་དེ་ཡང་དག་ཞིག་མ་ཡིན་ཡང་། འདི་ལས་ལྷག་པའི་སྲིད་གཞུང་གི་ལྟ་སྤྱོད་ཞིག་འཛམ་གླིང་ནང་མཐོང་རྒྱུ་མེད་པར་གྱུར་ཡོད་”ཅེས་མང་གཙོ་གལ་ཆེ་བའི་སྐོར་གསུངས་ཡོད་པ་རེད།

kumar2 ཁོང་གིས་ཧིན་བོད་མཛའ་འབྲེལ་སྐོར་གསུང་དོན། “༧གོང་ས་མཆོག་གིས་འཛམ་གླིང་ཞི་བདེའི་ཆེད་དུ་མཛད་རྗེས་ཆེན་པོ་བཞག་ཡོད།   དེར་བརྟེན་ ༡༩༨༩ ལོར་ཁོང་ལ་འཛམ་གླིང་ཞི་བདེའི་ཟེངས་རྟགས་ཐོབ་པ་རེད།   ༸གོང་ས་མཆོག་དྷ་རམ་ས་ལར་བཞུགས་པ་དེར་ཧི་མ་ཅལ་མངའ་སྡེའི་སྲིད་གཞུང་དང་མི་མང་གཉིས་ནས་སྤོབས་བ་ཆེན་པོ་བྱེད་ཀྱི་ཡོད།   ང་ཚོས་ཧི་མ་ཅལ་གྱི་མི་སེར་དང་བོད་མི་དབར་དབྱེ་འབྱེད་མི་བྱེད་པར་གཅིག་མཚུངས་བྱེད་ཀྱི་ཡོད།   ང་ཚོ་ཕན་ཚུན་གཉིས་ཀྱི་རིག་གཞུང་དང་སྤྱོད་ལམ་ལ་གོ་རྟོགས་ཧ་ཅང་ཡག་པོ་ཡོད། ༧གོང་ས་མཆོག་གིས་རྒྱུན་དུ་རྒྱ་གར་འདི་སྤུན་ཆེ་བ་དང་། བོད་དེ་སྤུན་ཆུང་བ་རེད་གསུང་གི་ཡོད།   ཁོང་ནི་སངས་རྒྱས་ཀྱི་ངོ་བོར་ཏུ་གྱུར་པའི་སྐྱེས་བུ་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་སྟབས་འཛམ་གླིང་གི་ཕྱོགས་ཡོངས་ནས་མི་རྣམས་ཁོང་གི་གསུང་ཆོས་ཞུ་བར་སླེབས་པ་དེས།    ཧི་མ་ཅལ་འདི་ཉིད་རྒྱ་གར་ནང་དུ་ཡུལ་སྐོལ་སྤྲོ་འཆམ་པ་མང་ཤོས་འཛོམས་སའི་གནས་ཤིག་ཏུ་གྱུར་ཡོད་པ་རེད།   དེར་བརྟེན་ཧི་མ་ཅལ་མི་མང་ནས་༸གོང་ས་མཆོག་གི་བཀའ་དྲིན་དེར་ཐུགས་རྗེ་ལེགས་འབུལ་ཞུ་བཞིན་ཡོད་”ཅེས་གསུངས་སོང་།

བོད་ཀྱི་ཁོར་ཡུག་གལ་ཆེ་བའི་སྐོར་གསུང་དོན། “དེ་རིང་གི་དུས་དྲན་དང་སྐབས་བསྟུན་དབུས་བོད་མིའི་སྒྲིག་འཛུགས་ནས་མཐོ་སྒང་བོད་ཀྱི་ཁོར་ཡུག་སྙན་དེབ་ཅིག་དབུ་འབྱེད་གནང་སོང་།   དེའི་ནང་དུ་བོད་ཀྱི་འཁྱགས་རོམ་རྣམས་ཆེས་མགྱོགས་པའི་ངང་ཞུ་བཞིན་ཡོད་པ་འཁོད་འདུག   ཧི་མ་ཅལ་སྲིད་གཞུང་ནས་ཀྱང་དེར་བློ་འཚབ་བྱེད་དགོས་པ་ཞིག་ཡིན།   ཧི་མ་ཅལ་གྱི་ཆུ་རྒྱུད་མང་ཆེ་བ་བོད་དང་འབྲེལ་བ་ཆགས་ཡོད།   གལ་ཏེ་ཆུ་ལོག་ལ་སོགས་པའི་དོན་རྐྱེན་འབྱུང་བ་ཡིན་ན།   མངའ་སྡེའི་ནང་དུ་གོད་ཆག་ཆེན་པོ་ཡོང་ངེས་རེད། མཐའ་མར་ཞུ་རྒྱུར།  ཧི་མ་ཅལ་སྲིད་གཞུང་དང་མི་མང་གཉིས་ཀྱི་ཚབ་ཞུས་ཏེ།  དེ་རིང་ང་ཚོར་ཆེ་ཐོངས་གནང་བ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་དང།   དུས་སྔ་མོ་ཡིན་ནའང་ང་ཚོ་ཁྱེད་ཚོའི་རྒྱབ་རྩར་ལངས་ཡོད།   ད་ལྟ་ཡིན་ནའང་དེ་བཞིན་ཡིན།   མ་འོངས་པ་ནའང་ཇི་ཙམ་གྱིས་ཁྱེད་ཚོས་ང་ཚོར་རེ་བ་བཅོལ་བ་དེ་སྲིད་དུ་ང་ཚོས་ཁྱེད་ཚོར་རོགས་འདེགས་ཞུ་རྒྱུ་ཡིན་”ཞེས་གསུངས་ཡོད་པ་རེད།།

{jcomments on}