རྒྱ་ནག་ནང་སྒྱུར་བཅོས་ཡོང་སྲིད་པར་མཁས་པས་གླེང་སློང།

ཨ་རིའི་Massachusetts Institute of Technology བསྟི་གནས་ཁང་གི་ཆབ་སྲིད་ཀྱི་དཔལ་འབྱོར་སློབ་དཔོན་ཆེན་མོ་ཨིཌ་ཝཌ་སི་ཏིཎ་ཕིལ་ད་ཀྱིས་བརྗོད་དོན་དུ།   ཇི་སྲིད་དུ་ད་ལྟའི་རྒྱ་ནག་གི་སྲིད་གཞུང་དང་དམར་ཤོག་ཚོགས་པ་གཉིས་རང་སོར་ཡོད་ཚེ་འགྱུར་བ་ཕྲན་བུ་རེ་ཡོང་བ་ལས་གློ་བུར་དུ་ཆེན་པོ་ཞིག་ཡོང་མ་སྲིད་པ་རེད།   དེར་བརྟེན་རྒྱ་ནག་ནང་ཆབ་སྲིད་ཀྱི་རྙོག་ཟིང་རེ་བྱུང་བ་དང་བསྒྱུར་བཅོས་ཆེན་པོ་ཡོང་སྲིད་པར་ཚོད་དཔག་མ་བྱེད་ཅེས་གསུངས་ཡོད་པ་རེད།

ཨ་རི་ཝ་ཤིན་ཊོན་གྱི་ Woodrow Wilson International Center for Scholars བསྟི་གནས་ཁང་གི་མཁས་དབང་དང་ཉི་ཧོང་གི་Research Institute བསྟི་གནས་ཁང་གི་ཉམས་ཞིབ་པ་གཅིག་ཅོག   ལྕམ་ཝུ་ཇོན་ཧུ་ཝ་ཡིས་བརྗོད་དོན་དུ།  རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོས་གུ་ཡངས་ཀྱི་སྲིད་བྱུས་ལག་བསྟར་བྱེད་སྲིད་པ་དང་དེ་བཞིན་ཆབ་སྲིད་ལམ་ལུགས་ལ་བཅོས་སྒྱུར་གཏོང་སྲིད་པ་རེད།    ངས་ཚོད་དཔག་བྱས་པ་ཡིན་ན།   ཕྱི་ལོ་ ༢༠༢༠ སྔོན་ཚུད་རྒྱ་ནག་གི་ནང་དུ་ཆབ་སྲིད་ལམ་ལུགས་ལ་འགྱུར་བ་ཕྱིན་ཏེ།  ད་ལྟའི་ཚོགས་པ་གཅིག་གི་ལམ་ལུགས་དེ་ལྟར་མ་ཡིན་པར་མང་གཙོ་ཞིག་ཏུ་འགྱུར་བ་འགྲོ་རྒྱུ་ཡིན་པ་རེད།   འགྱུར་བ་ཡོང་སྟངས་དེའང་གཞི་རིམ་འོག་མ་ནས་མ་ཡིན་པར་དམར་ཤོག་ཚོགས་པའི་འགོ་ནས་མར་ཡོང་རྒྱུ་ཡིན།   རྒྱ་ནག་གི་མི་རབས་གསར་པའི་འགོ་ཁྲིད་མང་ཆེ་བ་ཕྱི་རྒྱལ་ཁག་ཏུ་སློབ་སྦྱོང་ལ་ཕྱིན་པ་ཤ་སྟག་ཡིན་སྟབས།   ཁོ་ཚོས་མང་གཙོའི་ལམ་སྲོལ་དང།   རང་དབང།  འདྲ་མཉམ།  འགྲོ་བ་མིའི་ཐོབ་ཐང་སྐོར་ཡག་པོ་ཤེས་ཀྱི་ཡོད།   དེར་བརྟེན་མི་སྣ་དེ་ཚོ་ནི་ཆབ་སྲིད་ལམ་ལུགས་ལ་བཅོས་སྒྱུར་གཏོང་མཁན་རྣམས་རེད་ཅེས་གསུངས་ཡོད་པ་རེད།   ད་དུང་ཁོང་གིས་བརྗོད་དོན།   རྒྱ་ནག་མི་རབས་ཚོས་ད་དུང་ཡང་ལོ་བཅུའི་རིང་དུ་བཅོས་བསྒྱུར་ལ་བསྒུག་ནས་སྡོད་ཐུབ་གྱི་མ་རེད་ཅེས་གསུང་ཡོད་པ་རེད།

ཨ་རིའི་པེན་སིལ་ཝེ་ནི་ཡའི་གཙུག་ལགས་ཁང་ University of Pennsylvania གི་རྒྱལ་སྤྱིའི་མཐུན་འབྲེལ་སློབ་དཔོན་ཆེན་པོ་སྐུ་ཞབས་ཨར་ཐར་ཝལ་དོ་རོན་གྱིས་བརྗོད་དོན་དུ།   རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོར་བསྒྱུར་བཅོས་གཏོང་ཐུབ་པའི་ནུས་པ་ཡོད།   འདས་པའི་དུས་སུ་འགོ་ཁྲིད་གསར་པ་རྣམས་ནས་བསྒྱུར་བཅོས་གཏོང་བར་བྱེད་པ་དང་དེ་བཞིན་དུ་བསྒྱུར་བཅོས་འགོ་ལྡོག་ཏུ་གཏོང་བའང་བྱུང་ཡོད་པ་རེད།   ཡིན་ནའང་ད་ལྟའི་སྐབས་སུ་རྒྱ་དམར་སྲིད་གཞུང་གིས་འགྲོ་གྲོན་ཧ་ཅང་ཕོན་ཆེན་པོ་བཏང་སྟེ།   རྒྱལ་ནང་དུ་ཟིང་ཆ་མི་ཡོང་ཆེད་རྨང་གཞི་ཟབ་པོ་བཏིང་ཡོད།   དེའི་རྐྱེན་པས་སྲིད་གཞུང་གིས་དྲ་རྒྱ་དང་འཕྲིན་གཏོང་བཅས་ཀྱི་ཐོག་དམ་སྒྲགས་བྱེད་ཐུབ་པ་དང།   མི་སེར་ཚོའི་ཐོག་གསང་བལྟ་བྱས་ཏེ་འཇུ་བཟུང་བྱེད་ཐུབ་ཀྱི་ཡོད།   དེར་བརྟེན་སྲིད་གཞུང་གི་སྟངས་འཛིན་བྱེད་ཕྱོགས་ལ་དཀའ་ངལ་མེད་པ་རེད།   དེ་ལྟ་ནའང་ང་རང་ལ་ཡིད་ཆེས་ཆེན་པོ་ཡོད་པ་དེ་ནི།   རྒྱ་ནག་ནང་འགྱུར་བ་རིམ་པས་ཡོང་རྒྱུ་ཡིན་པ་དང།   དམར་ཤོག་ཚོགས་པ་རང་ཉིད་ནས་སྣེ་ཁྲིད་དེ་བྱ་རྒྱུ་ཡིན་པ་རེད།    འདི་ལས་ལྷག་པའི་གཞན་པའི་འདེམས་ཀ་དམར་ཤོག་ཚོགས་པར་མེད།   གལ་ཏེ་དམར་ཤོག་ཚོགས་པ་མུ་མཐུད་དེ་མཁྲེགས་བཟུང་གི་ལམ་དུ་ཕྱིན་པ་ཡིན་ན།     ལུང་པའི་ནང་དུ་མི་གསོད་ཁྲག་སྦྱོར་ཆེན་པོ་ཡོང་ངེས་རེད་ཅེས་གསུངས་ཡོད་པ་རེད།།

{jcomments on}