དགེ་འདུན་པ་བཅུའི་ཟས་བཅད་ངོ་རྒོལ།

དེ་ཡང་ཟླ་འདིའི་ཚེས་༤   ཉིན་གྱིས་ཞོགས་པའི་ཆུ་ཚོད་བཅུ་དང་ཕྱེད་ཀའི་ཐོག་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་པུ་ནེ་གྲོང་ཁྱེར་གྱི་ནང་ས་གནས་རྒྱ་གར་ཡུལ་མི་དང་གསར་འགོད་པ་བཅས་འདུ་འཛོམས་ཆེ་སར། བོད་དང་རྒྱ་གར་གཉིས་ཀྱིས་རྒྱལ་གླུ་གཏང་རྗེས་སྨོན་ལམ་གསུངས་པ་དང་བཅས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་འགོ་འཛུགས་གནང་ཡོད་རེད།

10  monks  2011  9  4

སྐབས་དེར་ཐེངས་འདིའི་ལས་འགུལ་སྣེ་ཁྲིད་པ་གྲྭ་བློ་བཟང་བྱམས་པ་ལགས་ཀྱིས་གསར་འགོད་པར་ལས་འགུལ་དེའི་སྐོར་འགྲེལ་བརྗོད་གནང་དོན་ལྟར་ན།    ང་ཚོའི་ཐེངས་འདིར་ལས་འགུལ་སྤེལ་དགོས་དོན་གཙོ་བོ་ཆོལ་གསུམ་བོད་མི་ཡོངས་རྫོགས་ལ་རྒྱ་གཞུང་གིས་དྲག་གནོན་བྱས་དང་བྱེད་བཞིན་ཡོད་པ་རེད།    དེ་ཡང་གཙོ་བོ་ད་ལྟའི་གནས་སྐབས་སུ་ཁམས་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་བོད་བསྟན་སྲིད་ཀྱི་ཆེད་དུ་རང་སྲོག་བློས་གཏོང་མཁན་རྒྱལ་གཅེས་དཔའ་བོ་ཚེ་དབང་ནོར་བུ་ལགས་གཙོས་ཁོང་གི་ནང་མི་དང་དགོན་པ།   དེ་བཞིན་ད་ལྟའི་ཆར་ཁམས་རྟའུ་ཁུལ་དང་རྔ་བ་ས་ཁུལ་གཉིས་ཀྱི་སེར་སྐྱ་མི་མང་ཡོངས་རྫོགས་ཐོག་རྒྱ་གཞུང་གིས་དམིགས་བསལ་གྱི་དྲག་གནོན་ཤུགས་ཆེན་བྱེད་བཞིན་ཡོད་པ་དེ་དང་། དེ་བཞིན་བོད་ཀྱི་ས་གནས་མང་པོ་ཞིག་གི་ནང་རྒྱ་གཞུང་གིས་དྲག་གནོན་བྱེད་བཞིན་ཡོད་པས།       ང་ཚོ་ངོ་ནས་དགོས་འདུན་དོན་ཚན་བཞི་བཏོན་པའི་ཐོག་ལས་འགུལ་འདི་བཞིན་སྤེལ་གྱི་ཡོད་ཅེས་བརྗོད་ཡོད་པ་རེད།

དེ་ཡང་དགོས་འདུན་དོན་ཚན་གསུམ་ནི། ཁམས་རྟའུ་ཉ་མཚོ་དགོན་པ་གཙོས་བོད་ས་སྟོད་སྨད་བར་གསུམ་ལ་རྒྱ་གཞུང་གིས་མི་སྤྱོད་ལས་འདས་པའི་གཉའ་གནོན་དང། གསོད་རྡུང་བཅོམ་གསུམ་བྱས་དང་བྱེད་བཞིན་པ་རྣམས་མྱུར་དུ་མཚམས་འཇོག་དགོས་པ་དང་། དོན་ཚན་གཉིས་པ། ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གཙོས་བོད་ནང་གི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་གྲོལ་བྱེད་དགོས་པ། དོན་ཚན་གསུམ་པ། བོད་ནང་གི་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཆེད་དུ་རང་དབང་ལྡན་པའི་སྒོ་ནས་རྒྱལ་སྤྱིའི་གསར་འགོད་པ་བོད་ནང་དུ་གཏོང་དགོས་པ་བཅས་འཁོད་ཡོད་པ་རེད།།
ང་ཚོ་སོ་སོའི་དྭངས་བླངས་ཐོག་རྒྱ་གར་གྱི་མངའ་སྡེ་དྲུག་གི་ནང་དབྱིན་བོད་ཧིན་གསུམ་ཐོག་བྲིས་པའི་ཡིག་ཆ་འགྲེམས་སྤེལ་དང་། ཟས་བཅད་ངོ་རྒོལ་བཅས་ཀྱི་བོད་དོན་དྲིལ་བསྒྲགས་ལས་འགུལ་གང་ཐུབ་ཤུགས་ཆེན་སྤེལ་འཆར་ཡོད་ཅེས་གསུངས་སོང་།

རྒྱ་གར་ལྷོ་ཕྱོགས་མོན་གྷོ་ནས་ས་གནས་གསར་འགོད་པ་ཐུབ་བསྟན་བཀྲིས་ཀྱིས།