དམར་ཤོག་དྲུང་ཆེར་འོས་པའི་བོད་པ་མེད་དམ།
ཧྲིན་ཀྲང་ལས་ཚབ། ཧྲིན་ཀྲང་(ཞིང་ཆེན་གྱི་འགོ་གཙོ་)དང་། སྐབས་༡༧ པའི་རྒྱ་ནག་དབུས་གཞུང་གི་རྗེས་སྣོན་ཨུ་ཡོན་ཟེར་བའང་ཡིན་པ་རེད། ཁོ་པའི་བོད་མི་རིགས་ལ་ལྟ་སྟངས་ག་འདྲ་ཡིན་མིན་ད་དུང་ཁ་ཚོན་གཅོད་དཀའ་ཡང་། བོད་དོན་ལ་མཁྲེགས་འཛིན་བྱེད་མཁན་ཞིག་ཡིན་པ་ལས་གནས་དེར་བཀོད་སྒྲིག་བྱས་པ་ཙམ་གྱིས་ཤེས་ཐུབ་པ་ཞིག་རེད།
མཛད་སྒོའི་ཐོག་རྒྱ་དམར་དབུས་གཞུང་ནས་ཆེད་མངགས་བྱས་པ་དབུས་རྩ་འཛུགས་པུའུ་ཟེར་བའི་འགོ་གཙོ་གཞོན་པ་ཀྲང་ཅི་ནན་གྱིས་འདས་པའི་ལོ་དྲུག་མ་ཟིན་ཙམ་གྱི་རིང་། ཀྲང་ཆིང་ལིས་ཀྱིས་བོད་ཀྱི་ལས་དོན་ཐད་དབུས་གཞུང་གི་བཀོད་མངགས་བཞིན་འཐུས་ཚང་བྱས་པར་བསྔགས་བརྗོད་དང་གདེང་འཇོག་བྱས་ཡོད་པ་མ་ཟད། ད་ལྟའི་ཁྲིན་ཆོན་ཀའོ་ཡང་འགོ་ཁྲིད་དང་ལས་དོན་ལ་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པ་དང་། སྤྱི་ཡོངས་སྟངས་འཛིན་བྱེད་པའི་འཇོན་ཐང་ཆེན་པོ་ཡོད་པས། རྒྱ་ནག་དབུས་གཞུང་བློ་བདེ་བ་དང་། མི་དམངས་བློ་ཡིད་ཚིམ་པ་ཞིག་ཡོང་བ་བྱེད་དགོས་ཞེས་བརྗོད་ཡོད་པ་རེད། ཁྲིན་ཆོན་ཀའོ་ཡིས་བོད་ནང་དུ་ཞི་རྒོལ་མི་ཡོང་བ་དང་། གལ་སྲིད་ཡོང་ནའང་གདུག་རྩུབ་ཀྱི་ཐོག་ནས་དྲག་གནོན་བྱེད་ཐུབ་ན་མ་འོངས་པར་མདུན་ལམ་ཡོད་ཡོད་པ་རེད།
ཀྲིང་ཆིང་ལིས་ཀྱིས་མཛད་སྒོའི་ཐོག་འདས་པའི་ལོ་དྲུག་མ་ཟིན་ཙམ་གྱི་རིང་ཏཱ་ལའི་རུ་ཚོགས་ལ་འཐབ་རྩོད་མཐའ་གཅིག་ཏུ་བྱས་པ་དང་། ༣།༡༤ དོན་རྐྱེན་ལ་བློ་ཐག་ཆོད་པོས་འཕྲལ་དུ་ཐག་གཅོད་ནན་པོ་བྱས་ཚུལ་སོགས་གཡག་བསད་པའི་མི་ཚད་རྔ་མའི་དར་ཅོག་བཙུག་པའི་དཔེ་བཞིན་བོད་མི་མང་གི་སྙིང་ལ་ཟུག་པའི་གཏམ་བཤད་བྱས་ཡོད་པ་རེད། ཁོ་པ་ད་ལྟའི་ཆར་ལས་གནས་གང་དུ་བཀོད་སྒྲིག་བྱས་ཡོད་མིན་ཁ་གསལ་ཤེས་རྟོགས་མ་བྱུང་ཡང་། གནད་འགག་ཆེ་ས་ཞིག་ཏུ་བཞག་ཡོད་པར་ཚོད་དཔག་བྱེད་ཐུབ། ད་ལྟ་རྒྱ་ནག་གི་གཙོ་འཛིན་ཧུའུ་ཅིན་ཐའོ་ཡིས་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་བྱེད་པའི་སྐབས་བོད་མི་ཞི་རྒོལ་བ་རྣམས་ལ་དམར་གསོད་དྲག་གནོན་ཤུགས་ཆེ་བྱས་པར་བརྟེན། ཁོ་པ་རྒྱ་ནག་དབུས་གཞུང་གི་གཙོ་གནད་མི་སྣ་རུ་གྱུར་པ་རེད་ཅེས་བརྗོད་ཀྱང་མི་ཆོག་པ་མེད།
བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེར་སུ་བསྐོ་གཞག་བྱས་ནའང། བོད་མི་རིགས་ཀྱི་རང་དབང་དང་བདེ་དོན་ལ་བསམ་བློ་གཏོང་མཁན་ཞིག་ཡོང་མི་སྲིད་པ་ནི། ད་ལྟའི་གནས་སྟངས་སྤྱི་ཡོངས་ནས་ཤེས་ཐུབ་པ་ཞིག་ཡིན། འདས་པའི་ལོ་༦ མ་ཟིན་ཙམ་ལ་ཀྲང་ཆིང་ལིས་ཀྱིས་བོད་མི་རིགས་ཀྱིས་སེམས་ནང་དུ་གྲིས་བཙུག་པ་ལྟ་བུའི་གཏམ་བཤད་སྤེལ་བ་དང་ལས་དོན་བསྒྲུབས་ཡོད། ཁོ་པ་བོད་རང་སྐྱོང་ལྗོངས་སུ་སླེབས་པའི་དུས་ཚོད་དེ་ནས་བཟུང་༧གོང་ས་མཆོག་ལ་སྐུར་འདེབས་སོགས་ཀྱི་བརྗོད་ཚིག་ལའང་འགྱུར་བ་ཆེན་པོ་སོང་བ་ལྟ་བུར་མངོན་ཡང་། དེ་ནི་རྒྱ་དམར་གཞུང་གི་བཀོད་མངགས་ཡིན་པ་ལས་ཀྲང་ཆིང་ལིས་གཅིག་པུའི་ལངས་ཕྱོགས་ཡིན་མི་སྲིད། འོན་ཀྱང་ཁོ་པ་ནི་དཔོན་རིགས་གཞན་དང་མི་འདྲ་བར་བོད་མི་རིགས་ཀྱི་སེམས་ནང་དུ་འཁོན་འཛིན་ཆེ་ཤོས་བྱེད་ཡུལ་གྱི་མི་སྣ་ཞིག་ཏུ་གྱུར་ཡོད།
རྒྱ་དམར་གཞུང་གིས་བོད་ཡུལ་ཡོངས་རྫོགས་དྲག་པོའི་བཙན་གནོན་དབང་བསྒྱུར་བྱས་ནས་མི་ལོ་༥༠ ལྷག་འདས་ཟིན་པ་དང་། ད་ལྟའི་ཆར་ཡང་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་བྱེད་ཐུབ་པའི་བོད་རིགས་སུ་གཅིག་སྐྱེད་སྲིང་བྱེད་ཐུབ་མེད་པའམ། གལ་སྲིད་དམར་ཤོག་དྲུང་ཆེ་བྱེད་པའི་ཤེས་འཇོན་ལྡན་པའི་མི་སྣ་ཡོད་ཀྱང་། དབུས་གཞུང་གིས་ཡིད་ཆེས་བློ་གཏད་བྱེད་ཐུབ་པ་ཞིག་མེད་པ་རེད་དམ། འདི་དག་ནི་སྐབས་འདིའི་དྲི་བ་གལ་ཆེ་ཤོས་དེ་རེད། གང་ལྟར་རྒྱ་དམར་གཞུང་གིས་ཤེས་ཡོན་དང་དཔལ་འབྱོར་སོགས་ཀྱི་ཐད་ནས་བོད་ཡར་རྒྱས་སུ་བཏང་ཡོད་ཚུལ་བརྗོད་བཞིན་ཡོད་ཀྱང་། རྒྱ་ནག་དབུས་གཞུང་གི་མཐོ་རིམ་དཔོན་རིགས་ཀྱི་ནང་དུ་བོད་རིགས་སུ་གཅིག་སླེབས་ཐུབ་མེད་པ་དང་། ཐ་ན་བོད་རང་སྐྱོང་ལྗོངས་ཀྱི་གཙོ་བོའི་འགན་ཁུར་མཁན་དམར་ཤོག་དྲུང་ཆེ་ཡང་བོད་པ་ཞིག་སླེབས་ཐུབ་ཀྱི་མེད།
རྒྱ་གཞུང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་མི་ལོ་༦༠ འཁོར་ཟིན་ཚུལ་བརྗོད་བཞིན་ཡོད་པ་དང་། ད་ལྟ་དམར་ཤོག་དྲུང་ཆེ་གསར་པ་དེ་རང་ལོ་༥༥ ཙམ་རེད། ལོ་དེ་དག་གི་རིང་བོད་རིགས་དམར་ཤོག་དྲུང་ཆེར་འོས་པ་སུ་གཅིག་རྒྱ་དམར་དབུས་གཞུང་གི་དཔོན་རིགས་ཚོའི་སེམས་ནང་དུ་མེད་པ་ནི། གྲངས་ཉུང་མི་རིགས་ཀྱི་གནད་དོན་འདིའི་ཐོག་ནས་བསམ་བློ་བཏང་བའི་སྐབས་མི་རིགས་དབྱེ་འབྱེད་དང་། འདྲ་མཉམ་མེད་པ། ཡིད་ཆེས་མི་བྱེད་པ་ཁོ་ན་ཡིན་པ་ལས་ཀྲང་ཆིང་ལིས་དང་། ཁྲིན་ཆིན་ཀའོ་ལྟ་བུའི་ཤེས་ཡོན་དང་འཇོན་ཐང་ཉམས་མྱོང་ཅན་གྱི་བོད་པ་ཞིག་མེད་པ་གཏན་ནས་མིན། རྒྱ་དམར་གཞུང་གིས་ཕྱི་ཕྱོགས་སུ་ཁ་གཡང་ཁ་ཚོད་ཅིག་བསྒྲགས་ཀྱང་། དོན་དུ་བོད་རིགས་མི་མང་དཀྱུས་མ་ཕར་ཞོག་ཅི་གསུང་བཀའ་སྒྲུབ་ཞུ་མཁན་གྱི་ལས་བྱེད་ཚོའི་ནང་དུའང་ཡིད་ཆེས་བྱེད་འོས་པ་སུ་ཞིག་མེད་པ་གསལ་སྟོན་བྱས་པ་རེད།།