རྒྱ་གར་མཐོ་སློབ་ཏུ་བོད་རིག་པའི་ཚན་པ་ཞིག་ཟུར་འཛུགས།

2011_09_05_ignou_08དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཨིན་དྷི་ར་གྷན་དྷི་རྒྱལ་ཡོངས་ཡིག་འབྲེལ་གཙུག་ལག་སློབ་གྲྭ་ཆེན་མོས་སློབ་ཁང་དེ་ནས་བསླབ་པ་ཐར་སོན་པ་རྣམས་ལ་ལག་ཁྱེར་སྤྲོད་པ་ཐེངས་༢༤ མཛད་སྒོའི་སྐུ་མགྲོན་གཙོ་བོར་༧གོང་ས་མཆོག་ཆིབས་སྒྱུར་བསྐྱངས་ཏེ། ཕྱི་ཚེས་༥ ཉིན་མགོན་པོ་གང་ཉིད་མཆོག་གིས། ཨིན་དྷི་ར་གྷན་དྷི་རྒྱལ་ཡོངས་གཙུག་ལག་སློབ་ཁང་དེའི་ནང་བོད་རིག་པའི་སྡེ་ཚན་ཞིག་ཟུར་འཛུགས་གནང་བ་དེ་དབུ་འབྱེད་བསྐྱངས་ཏེ་བཀའ་སློབ་བསྩལ་དོན། “བོད་ཀྱི་རིག་གནས་ཀྱི་ནང་དོན་གཙོ་བོ་ཁག་རྒྱ་གར་ནས་བྱུང་བ་ཞིག་ཡིན་པ་དང་། དེ་བཞིན་བོད་དུ་ནང་ཆོས་དར་འགོ་ཚུགས་རྗེས་རྒྱ་གར་ནང་ལེགས་སྦྱར་དང་པཱ་ལི་སྐད་དུ་ཡོད་པའི་ནང་པའི་དཔེ་ཆ་པོད་སུམ་བརྒྱ་ལྷག་ཙམ་ཞིག་བོད་ཡིག་ཐོག་ཕབ་སྒྱུར་ཞུས་ཡོད་པ་རེད། དཔེ་ཆ་དེ་དག་ནང་འགྲེལ་བརྗོད་བྱས་པའི་ཁྲོད་བོད་པའི་བསླབ་པ་སློབ་གཉེར་བ་རྣམས་ཀྱིས་གང་སྦྱང་ཡོད་པ་རྣམས་དངོས་སུ་ལག་ལེན་བསྟར་ཡོད་སྟབས། རྒྱ་གར་དང་བོད་མི་ཚོའི་དབར་དགེ་སློབ་ཀྱི་འབྲེལ་བ་ཆགས་ཡོད། ད་ཆ་དེ་སྔ་རྒྱ་གར་ནས་བོད་དུ་དར་བའི་ནང་ཆོས་ཀྱི་རིག་གནས་རྣམས་རྒྱ་གར་དུ་ཕྱིར་ལོག་བྱ་རྒྱུའི་དུས་ལ་བབས་ཡོད། ནང་ཆོས་ཀྱི་རིག་གནས་དེ་དག་ལ་ཚན་རིག་དང་ལྟ་གྲུབ། ནང་ཆོས་བཅས་དབྱེ་བ་གསུམ་དུ་འབྱེད་དགོས། ནང་ཆོས་ཀྱི་ཚན་རིག་ནི་སེམས་ཀྱི་རྣམ་གཞག་སྐོར་དང་། ལྟ༌གྲུབ་ནི་རྟེན་འབྱུང་གིས་རྣམ་གཞག་སྐོར། ཆོས་ནི་སྐྱབས་འགྲོ་གསོལ་འདེབས་དང་སྐྱེ་བ་སྔ་ཕྱི་སོགས་ཀྱི་སྐོར་ཡིན་”ཞེས་སོགས་བཀའ་སློབ་གནང་ཡོད་པ་རེད།

༧གོང་ས་མཆོག་གིས་མུ་མཐུད་གསུང་དོན། “ད་ཆ་མཐོ་སློབ་འདིའི་ནང་བོད་ཀྱི་རིག་གནས་སློབ་གཉེར་ཁང་ཞིག་གསར་འཛུགས་བྱས་པ་དེ་བརྒྱུད་ནས་ནང་ཆོས་ཀྱི་ཚན་རིག་དེས་ནང་སེམས་ཀྱི་འགྲོ་སྟངས་སྐོར་ལ་སློབ་གཉེར་གྱིས་ཕན་ཐོགས་ཡོང་རྒྱུར་རེ་བ་བྱེད་བཞིན་ཡོད། སྤྱིར་བཏང་ཤེས་ཡོན་གྱིས་ཕན་གནོད་གཉིས་ཀར་ཡོང་གི་ཡོད་སྟབས། ཤེས་ཡོན་བེད་སྤྱོད་ཡག་པོ་ཡོང་རྒྱུར་བློ་སྟོབས་དང་རང་སེམས་རང་གིས་གནོན་ཐུབ་པ་ཞིག་དགོས། མི་སྒེར་དང་ཁྱིམ་ཚང་དེ་བཞིན་སྤྱི་ཚོགས་བཅས་ཀྱི་ནང་བདེ་སྐྱིད་ཡོང་རྒྱུའི་རྨང་གཞི་གཙོ་བོ་ནི་སྤྱོད་ཚུལ་ལ་རག་ཡོད་”ཅེས་སོགས་ཀྱི་བཀའ་སློབ་བསྩལ་ཡོད་པ་རེད།

རྒྱ་གར་གི་ཨིན་ཌི་ར་གྷན་དྷི་གཙུག་ལག་སློབ་གྲྭ་ཆེན་མོ་དི་ནི་རྒྱལ་ཁབ་༣༥ ནང་ཁྱབ་ཡོད་པའི་འཛམ་གླིང་ནང་གི་ཡིག་འབྲེལ་ལམ་གྱི་གཙུག་ལག་སློབ་གྲྭ་ཆེ་ཤོས་དེ་ཡིན་པ་དང།   འདི་ལོར་ཡིག་རྒྱུགས་འཕྲོད་པའི་སློབ་ཕྲུག་༡༡༡༨༩༨ ལ་ལག་ཁྱེར་ཐོབ་ཡོད་པ་རེད། ད་ལྟ་བོད་ཀྱི་རིག་གཞུང་གི་སྐོར་ལ་གཙུག་ལག་སློབ་གྲྭ་དེའི་ནང་ཡིག་འབྲེལ་གྱི་ལམ་ནས་སློབ་གཉེར་གནང་ཆོག་གི་ཡོད་པ་རེད།།