བོད་མི་ཞིག་ལ་ཁྲིམས་ཆད་དང་དེ་ལས་མང་བ་བཀག་ཉར།

ཁོང་གསུམ་པའི་བཅུ་དྲུག་ཉིན་མི་མང་ཡར་ལངས་སྐབས་མཉམ་ཞུགས་བྱས་པའི་ཉེས་མིང་གཡོགས་ནས་ལོ་༣ གྱི་དུས་བཀག་ཁྲིམས་ཐག་བཅད་དེ། སི་ཁྲིན་ཞིང་ཆེན་མེན་ཡངས་ཞེས་པའི་ས་གནས་སུ་བཙོན་འཇུག་བྱས་ཡོད་འདུག

 

ཁོང་གི་ཕ་མིང་ལ་རྒྱ་མཚོ་ཞུ་བ་སྔ་མོ་ནས་འདས་ཟིན། མ་མིང་ལ་སྒྲོན་མཚོ་ཞུ་བ་སྙིང་གི་ན་ཚ་ཡོད་སྟབས་ཁོང་འཛིན་བཟུང་བྱས་པ་ནས་ཟླ་བ་གསུམ་ལྷག་རིང་གསང་བ་བྱས་ཡོད་འདུག ཁོང་གི་ཁྱིམ་དུ་འཚོ་བའི་གནས་སྟངས་སྐྱོ་པོ་ཡིན་པ་དང་། ནང་དུ་གཟའ་ཟླ་དང་ཕྲུ་གུ་གཉིས་བཅས་ནང་མི་གསུམ་ཡོད་འདུག
དེ་བཞིན་རྔ་པ་རྫོང་སྤྲོ་ཚིགས་ཞང་བསེ་སྐོར་སྡེ་བའི་བསེ་སྲིབ་ཚང་གི་ཀིརྟི་དགོན་པའི་གྲྭ་ཚེ་ཁོ། རང་ལོ་༣༠ ཕ་མིང་ལ་འཇང་ཁོ་ཟེར་གྱི་ཡོད་པ་དང་། རྔ་པ་རྫོང་བློན་ཚང་ཞང་རབ་རྒྱས་ཚང་གི་རྔ་པ་ཀིརྟི་དགོན་པའི་གྲྭ་རྡོ་རྗེ། རང་ལོ་ ༡༦ ཡིན་པ་ཁོང་གཉིས་སྔ་ཕྱིར་འདི་ལོའི་ཕྱི་ཟླ་༤ ཚེས་ཤར་ཙམ་ལ་འཛིན་བཟུང་བཀག་ཉར་བྱས་འདུག་པ་ད་བར་གནས་ཚུལ་གསལ་པོ་གང་ཡང་ཤེས་རྟོགས་བྱུང་མེད་པ་དང༌། ད་ལྟ་ཡང་ཐག་གཅོད་གང་ཡང་མ་བྱས་པར་མུ་མཐུད་བཀག་ཉར་བྱས་ཡོད་འདུག
གཞན་ཡང་ད་ལོའི་གསུམ་པའི་བཅུ་དྲུག་གི་རྗེས་སུ་འཛིན་བཟུང་བཀག་ཉར་བྱས་ཤིང་ད་ལྟ་ཡང་ཐག་གཅོད་མ་བྱས་པར་མུ་མཐུད་བཀག་ཉར་འོག་ཡོད་པ། ཕྱི་ཟླ་༤ ཚེས་༢༢ སྔོན་ལ་འཛིན་བཟུང་བྱས་པའི་རྨ་ཆུ་རྫོང་ཁྲོ་ཁོ་སྨད་མའི་སྤྲུལ་སྐུ་ནོར་བུའི་བུ་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་འཇིགས་མེད། རང་ལོ་༣༠ ཡིན་པ་དང། ཕྱི་ཟླ་ ༦ སྔོན་ལ་འཛིན་བཟུ་བྱས་པའི་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པའི་ཨུ་རྒྱན་ཚེ་རིང་གི་ཀིརྟི་དགོན་པའི་གྲྭ་དགེ་འཕེལ། རང་ལོ་ ༢༣ ཡིན་པ།

ཕྱི་ཟླ་ ༤ ཚེས་ ༡༢ ཉིན་བསྐྱར་དུ་འཛིན་བཟུང་བྱས་པའི་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པའི་ཇ་རུ་ཚང་གི་ཀིརྟི་དགོན་པའི་གྲྭ་བློ་བཟང་དར་རྒྱས། རང་ལོ་༢༢ ཡིན་པ།

ཕྱི་ཟླ་ ༣ ཚེས་ ༡༩ ཉིན་རང་ཁྱིམ་ནས་འཛིན་བཟུ་བྱས་པའི་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གསུམ་པའི་དགེ་ཚང་གི་དགེ་རིག(མི་སྐྱ་) རང་ལོ་ ༦༠ །
ཕྱི་ཟླ་ ༣ ཚེས་ ༡༦ ཉིན་འཛིན་བཟུང་བྱས་པའི་རྔ་པ་རྫོང་སྤྲོ་ཚིགས་ཞང་སྤྲོ་ཚིགས་སྡེ་བའི་བཀྲ་རྒྱལ་ཚང་གི་སྐལ་བཟང་(མི་སྐྱ༌)། རང་ལོ་ ༤༡ ཡིན་པ་ད་དུང་བཀག་ཉར་བྱས་ཡོད་འདུག

དེ་ཚོ་ཤེས་རྟོགས་བྱུང་བ་ཙམ་ཡིན་པས་དེ་ལས་མང་པོ་ཞིག་ད་ལོའི་ཕྱི་ཟླ་ ༣ ཚེས་ ༡༦ རྗེས་སུ་འཛིན་བཟུང་བཀག་ཉར་བྱས་ཤིང་ཐག་གཅོད་གང་ཡང་མ་བྱས་པར་མུ་མཐུད་བཀག་ཉར་འོག་དཀའ་སྡུག་མནར་གཅོད་མྱོང་བཞིན་པ་ཡོད་ཚོད་འདུག །
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས།