མྱ་ངན་གུས་འདུད་དང་འདས་འཇུག་དགེ་བསྔོའི་གསར་བརྡ།
དགོས་པའི་དུས་སུ་དུས་ཐོག་ཆར་པ་བཞིན་བཀའ་སློབ་དང་ལམ་སྟོན་གནང་མཁན་གྱི་སློབ་སྟོན་པ། བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག དགུང་གྲངས་ ༨༢ ཐོག ཕྱི་ལོ་༢༠༡༡ ཟླ་༨ ཚེས་༣༡ གི་མཚན་མོར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལ་སྐུ་གཤེགས་འདུག། གསོན་ན་རླབས་ཆེ། གྲོངས་ན་གཟི་བརྗིད་ལྡན་པའི་སྐུ་གཤེགས་མི་རྗེ་དམ་པ་ཁོང་ལ་གནམ་འོག་གི་གཞིས་བྱེས་བོད་རིགས་སྤྱི་དང་། ལྷག་དོན་རྒྱལ་ཞེན་ལྷག་བསམ་དང་། དགྲ་གཉེན་ངོ་ཐག་ཆོད་མཁན་གྱི་ཁམས་རིགས་སེར་སྐྱ་མི་མང་ཡོངས་རྫོགས་ཀྱིས་དམ་པ་གང་གི་མཛད་རྗེས་དང་། བཀའ་དྲིན་ནམ་ཡང་མི་བརྗེད་པའི་རྗེས་དྲན་མྱ་ངན་གུས་འདུད། གདུང་སེམས་མཉམ་བསྐྱེད་ཐོག ཤུལ་སྡོད་ནང་མི་སྤུན་ཉེ་འབྲེལ་ཡོད་ལྟོས་བཅས་ཡོངས་ལ་ཐུགས་གསོའི་འཚམས་འདྲི་དང་། ས་གནས་ཁག་སོ་སོ་ནས་དམ་པ་གང་གི་འདས་འཇུག་དགེ་བསྔོ་ཆེད། མ་ཎི་དང་སྨོན་ལམ་སོགས་གང་ནུས་ཅི་ལྕོགས་རང་འགུལ་གྱིས་གནང་རྒྱུའི་བརྡ་ཁྱབ་གནང་རྒྱུ་དང་། དགུང་ཞག ༤༩ ནང་ཚུད་ས་གནས་ཁག་སོ་སོ་ནས་འདས་འཇུག་དགེ་བསྔོ་གང་བྱས་སྙན་ཞུ་དབུས་ཆུ་སྒང་ལས་ཁུངས་སུ་འབྱོར་ངེས་དགོས་པའི་བརྡ་ཁྱབ་ཏུ། མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་༢༠༡༡ ལོ་ཟླ་༩ ཚེས་༣་ཉིན།