༌༌༌༌༌༌༌༌༌༌༌༌༌༌༌༌རྒྱང་རིང་གི་སེམས་འཕྲིན།༌༌༌༌༌༌༌༌༌༌༌༌༌༌༌༌

 

གྲོགས་མེད་གཅིག་པུར་ཡོང་བའི་མི་ཡུལ་ས་མཐའ་འདིར།།

གྲོགས་ཀྱི་དམ་པ་ཁྱེད་ཚོ་ལས་སྐལ་བཟང་བས་འཕྲད།།

གྲོགས་ཞེས་ཁ་ནས་བརྗོད་མཁན་ཇི་ཙམ་མང་ན་ཡང།།

གྲོགས་ལ་གྲོགས་ཀྱི་མཛའ་བ་བརྟན་པ་ཁྱོད་ལས་དབེན།།

 

 

འཕྲད་པའི་ལས་ལས་བསགས་པའི་བསོད་ནམས་ཆེ་དང་གཅིག །

འཛོམས་པའི་དུས་ལ་བཅངས་པའི་་བརྩེ་སེམས་ཟབ་དང་གཉིས།།

ད་ལྟ་གྱེས་པའི་སྐྱོ་གདུང་དྲག་པོའི་རྨ་ཁ་གསུམ།།

ལྷ་ཆེན་ཚངས་པ་ཕེབས་ཀྱང་བཅོས་སུ་ཡོད་མ་ལགས། །

 

 

འཕྲད་པའི་མཐའ་མར་གྱེས་དགོས་འཇིག་རྟེན་ལུགས་ཡིན་ཡང་།།

དུས་རབས་ཉེར་གཅིག་སྤྱི་ཚོགས་ལམ་ཕྲན་ཀྱག་ཀྱོག་འདིར།།

དཀའ་ངལ་མང་ལ་འགྲན་རྩོད་ཇི་ཙམ་ཆེ་གྱུར་ཀྱང་།།

གོ་ལའི་འཁོར་ཕྱོགས་ཤིག་གིས་སླར་ཡང་མཇལ་ཡོང་ལགས། །