དམྱལ་བ་མི་ཡུལ་དུ་མྱོང་བ།

 

མ་འོངས་རང་རྒྱལ་གཙོ་སྐྱོང་མཁན།།

ལོ་ཆུང་རིག་འདོད་སློབ་མ་རྣམས།།

གར་སོང་ཆ་མེད་གྱུར་བ་དེས།།

སེམས་ཁོང་དྲག་མེད་རྨ་ཁ་བཟོས།།

 

ལྷད་མེད་དཀའ་བ་ཁྱད་གསད་ཅིང་།།

ད་ལྟ་རང་ཡུལ་འཛིན་པའི་མགོན།།

ན་གཞོན་ཕོ་མོ་ཁྲི་མ་འབུམ།།

མིག་སྔར་ས་རྡོར་གྱུར་འདི་སྐྱོ།།

 

འདས་ཟིན་ལོ་ཟླར་དཀའ་སྡུག་འབུམ།།

དཔག་མེད་མྱོང་བའི་བགྲེས་པོ་ཚོགས།།

མྱོང་བ་བཤད་ལོང་དུས་མེད་པར།།

འདི་ནས་གཏན་དུ་གྱེར་འདི་སྐྱོ།།

 

ཅ་ཅོ་མི་ཚོགས་མང་བའི་གྲོང་།།

འདུ་འཛོམས་སྤྲོ་སྐྱིད་འཕེལ་བའི་ཡུལ།།

སངས་རྒྱས་བསྟན་པ་དར་བའི་གནས།།

ངུ་སྒྲས་གནམ་ས་གཡོ་བས་སྐྱོ།།


 

ཤེས་རིག་བདུད་རྩི་འཐུང་བའི་ཞིང་།།

མ་འོངས་སྲོན་རྩ་མང་བའི་གནས།།

ཡར་རྒྱས་རྣམ་པ་ཆེ་བའི་ས།།

མིང་གི་ལྷག་མར་གྱུར་བས་སྐྱོ།།

 

རང་ཡུལ་སྐྱེ་དགུ་མདོ་ཡི་སར།།

ཁྲག་གི་རྦ་རླབས་རབ་འཕྱོ་སྟེ།།

ཕུང་པོ་རི་ལྟར་བརྩིགས་པའི་དུས།།

སེམས་ཆུང་གཏིང་ནས་སྐྱོ་བ་སྐྱེས།།

 

རྒྱལ་སྤྱིའི་མི་དམངས་རྣམ་པ་དང་།།

བོད་རིགས་སྤུན་ཟླ་རྣམ་པ་ཚོས།།

ཚེ་འདས་རྣམས་ལ་སྔོ་སྨོན་དང་།།

གསོན་པོ་རྣམས་ལ་སྐྱབས་འཇུག་ཞུས།།

ཕ་ཡུལ་ལ་ས་ཡོམ་བྱུང་བ་དེ་ཡི་ལྟད་མོ་ལྟས་རྗེས་བྲིས།