བལ་ཡུལ་དུ་བསྔོ་སྨོན་མཆོད་འབུལ་དང་མྱ་ངན།
བལ་ཡུལ་དུ་དགོན་སྡེ་ཁག་མང་པོར་དགོངས་རྫོགས་མཆོད་འབུལ་དང་བསྔོ་སྨོན་གསུངས་ཡོད་པ་དང་། རེས་གཟའ་ལྷག་པའི་ཉིན་བལ་ཡུལ་རྒྱལ་ས་དང་འཕགས་ཤིང་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ནས་གོ་སྒྲིག་བྱས་པ་ལྟར། འཕགས་ཤིང་བཙུན་དགོན་ཐུགས་རྗེ་ཆོས་གླིང་དུ་བོད་མི་དང་ཧི་མ་ལ་ཡའི་རི་རྒྱུད་མི་རིགས་མི་ཉུང་བ་འཛོམས་ནས། ༧སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་དགོངས་པ་གཞན་དོན་དུ་གཤེགས་པར་བསྔོ་སྨོན་དང་མཆོད་འབུལ་བྱས་ཡོད་པ་རེད།
ས་གནས་འགོ་འཛིན་འཕྲིན་ལས་རྒྱ་མཚོ་ལགས་ཀྱིས། ང་ཚོས་གནས་ཚུལ་དེ་གོ་ཐོས་བྱུང་བ་དང་། ཆུ་ཚོད་གཅིག་ཙམ་རིང་ཞལ་འདོན་དང་ཉིན་ཕྱེད་ས་གནས་ཁྱབ་ཁོངས་ལས་ཁུངས་ཚན་པ་དང། སློབ་གྲྭ་ཁག་གིས་ལས་མཚམས་བཞག་ནས་མྱ་ངན་ཞུས་ཡོད་ཅེས་གསུངས་སོང།
དེ་བཞིན་བལ་ཡུལ་དུ་ཡོད་པའི་མདོ་སྟོད་ཆུ་སྒང་ས་གནས་རྒྱུན་ལས་ཚོགས་པས། ཕྱི་ཚེས་༧ ཉིན་བལ་ཡུལ་ཁུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་དང། འཕགས་པ་ཤིང་ཀུན། སྟག་མོ་ལུས་སྤྱིན་བཅས་མཆོད་རྟེན་རྣམ་གསུམ་ལ་སྟོང་མཆོད་འབུལ་བ་དང། བསྔོ་སྨོན་གསུངས་ནས་འདས་པོ་དམ་པ་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གི་བདུན་ཚིགས་དང་པོ་སྲུང་བརྩི་བྱས་ཡོད་པ་རེད།།
བལ་ཡུལ་གསར་འགོད་པས།