མ་དྷ་ར་སི་རུ་བོད་དོན་ཆེད་ཟས་བཅད་ངོ་རྒོལ།

madi rasu

དེ་ཡང་མ་དྷ་ར་སི་བོད་ཕྲུག་ཚོགས་པ་ནས་གནས་ཚུལ་སྤེལ་བའི་ནང་འཁོད་དོན། ལྷོ་ཕྱོགས་མོན་གྷོ་ནས་ལས་འགུལ་དེར་ཞུགས་པའི་གྲྭ་བློ་བཟང་བྱམས་པས། དེ་རིང་ང་ཚོ་འདིར་མཉམ་འཛོམས་ཀྱིས་ངོ་རྒོལ་ལ་ཞུགས་དོན་ནི། རྒྱལ་གཅེས་དཔའ་བོ་ཚེ་དབང་ནོར་བུས་བོད་ལ་རང་དབང་མེད་པ་དང་། ༧གོང་ས་མཆོག་བོད་དུ་གདན་འདྲེན་དགོས་པ་སོགས་ཀྱི་འབོད་ཚིག་འོག་རང་གི་གཅེས་པའི་སྐུ་ལུས་མེ་ལ་བསྒྲོན་ནས་ངོ་རྒོལ་གནང་བ་རེད་ལ།  ཁོང་དང་ཁོང་གིས་གཙོས་པའི་རྒྱལ་གཅེས་དཔའ་བོ་རྣམས་ཀྱིས་དེ་ལྟར་གནང་དོན་ནི་ང་ཚོ་ཚང་མའི་ཆེད་དུ་རེད། བོད་ནང་གི་བོད་མི་རྣམས་ཀྱིས་རྒྱ་དམར་གྱི་བཙན་གནོན་གྱི་འོག་ནས་རང་དབང་སྐད་འབོད་ཤུགས་ཆེར་གནང་གི་ཡོད་ལ། ང་ཚོ་ཕྱི་ཡུལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་དེ་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་བོད་ཀྱི་ལས་འགུལ་དེ་རྒྱལ་སྤྱིའི་ངོས་འཛིན་ཐོབ་པ་ཞིག་ཡོང་ཐབས་ངེས་པར་གནང་དགོས།  ང་ཚོའི་སྤུན་མཆེད་ཕོ་མོ་རྣམས་སྡུག་བསྔལ་མྱོང་བཞིན་པའི་སྐབས་སུ།  ང་ཚོ་རྒྱ་གར་དུ་ཁུ་སིམ་སིམ་ངང་བསྡད་ན་འགྲིག་ཐབས་རྩ་བ་ནས་མེད་ཅེས་གསུངས་སོང་།

མ་དྷ་ར་སི་བོད་ཕྲུག་ཚོགས་པའི་ཚོགས་གཙོ་རིན་ཆེན་རྣམ་རྒྱལ་གྱིས།  དགེ་འདུན་པ་རྣམས་ཀྱིས་མ་བསྐུལ་དང་བླངས་ཐོག་རྒྱ་གར་རྒྱལ་ཡོངས་ལ་རྔམ་སྟོན་ཁྲོམ་སྐོར་གནང་བ་དེར་ང་ཚོ་ཀྱང་བོད་ཀྱི་རྒྱལ་གཅེས་དཔའ་བོ་རྣམས་དང་སྐྱིད་སྡུག་མཉམ་མྱོང་དང་། གདུང་སེམས་མཉམ་བསྐྱེད་ཞུ་བའི་ཆེད་ལས་འགུལ་འདིར་མཉམ་ཞུགས་བྱས་པ་ཡིན།ཞེས་གསུངས་སོང་།

ཉིན་གང་ས་གནས་དེར་ངོ་རྒོལ་གནང་ནས་ཕྱི་དྲོ་ལས་འགུལ་མཇུག་བསྡོས་བྱས་པ་དང་། ལྷོ་ཕྱོགས་ནས་ཕེབས་པའི་དགེ་འདུན་པ་༡༡ ནི་རྒྱ་གར་གྱི་གྲོང་ཁྱེར་འདྲ་མིན་ནང་བོད་དོན་ཆེད་རྔམ་སྟོན་ཁྲོམ་སྐོར་གནང་ནས་ཕེབས་བཞིན་ཡོད་པ་རེད། དེ་སྔོན་པུ་ནེ་དང་བྷ་རོ་ཊ་སོགས་སུ་ཕེབས་ཟིན་པ་དང་། མ་དྷ་ར་སི་དང་དེའི་རྗེས་བྷེང་ལོར་དང་། བྷོམ་བྷེ། ལྡི་ལི་བཅས་སུ་ཕེབས་རྒྱུ་ཡིན་ཞིང་། དེ་རྣམས་སུ་བོད་ཕྲུག་མཐོ་རིམ་སློབ་མ་དག་དང་ལྷན་དུ་ལས་འགུལ་སྤེལ་གྱི་ཡོད་པ་རེད་འདུག