ཆབ་སྲིད་བཙོན་པ་གློད་གྲོལ་སྐབས་དུག་སྤྲད་པའི་དོགས་གཞི།
ཡེ་ཤེས་བསྟན་འཛིན་ནི་སོག་རྫོང་ཙན་དན་དགོན་པའི་གྲྭ་པ་ཡིན་པ་དང་། དེ་སྔོན་༧གོང་ས་མཆོག་གིས་འབྲས་ལྗོངས་ལ་དུས་འཁོར་དབང་ཆེན་གནང་སྐབས་ཁོང་བཅར་མྱོང་ཡོད་པ་རེད། ཁོང་འཛིན་བཟུང་བྱེད་དགོས་དོན་ནི་༢༠༠༡ ལོར་སོག་རྫོང་ལ་བོད་དོན་སྦྱར་ཡིག་མང་པོ་བཀྲམ་ཡོད་པ་དེ་པར་ལོག་རྒྱག་མཁན་ཡིན་པའི་ཉེས་མིང་བཏགས་ནས། ལོ་བཅུའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད།
༢༠༡༠ ཟླ་༡༢ ནང་ཁོང་གི་དུས་བཀག་ཚང་ནས་གློད་གྲོལ་བཏང་ཡོད་ཀྱང་། ཁོང་བཙོན་ཁང་ནང་གཅར་རྡུང་བཏང་བ་དང་། ངལ་སྩོལ་ལ་སྐུལ་དྲག་པ། འཕྲོད་བསྟེན་ཡག་པོ་མེད་པ་སོགས་གང་ཡིན་མ་ངེས་པར། ཁོང་བཙོན་གྲོལ་རྗེས་གཟུགས་གཞི་བདེ་པོ་མེད་རྐྱེན་ཉལ་སར་ལྷུང་ཡོད་པ་དང་། ཟླ་༡༠ རིང་ན་ཚ་གང་ཡིན་ངོས་མ་ཟིན་པར། ཁོང་གི་ནང་མི་རྣམས་ཀྱིས་ལྷ་ས་དང་ནག་ཆུ་སོགས་ཀྱི་སྨན་ཁང་མང་པོར་བསྟེན་གཏུག་བྱས་ཀྱང་དྲག་སྐྱེད་བྱུང་མེད་པ་རེད། ཁ་ཤས་ཀྱིས་ཟེར་ན། ཆབ་སྲིད་བཙོན་པ་དེ་ཚོ་ཕྱིར་གཏོང་དུས། དུག་སྨན་སྤྲད་ནས་ཟླ་ཤས་རྗེས་ཤི་འགྲོ་ཡི་ཡོད་པ་དང། མ་ཤི་ཡང་དྲག་སྐྱེད་མི་ཡོང་བའི་སྨན་ཞིག་སྤྲོད་ཀྱི་ཡོད་འདུག་ཟེར།
དེ་སྔོན་སོག་རྫོང་གི་ཆབ་སྲིད་བཙོན་པ་བསྟན་འཛིན་ཆོས་དབང་ཟེར་བ་ཁོང་ཡང་། བཙོན་ནས་ཕྱིར་བཏང་རྗེས་ན་ཚ་གང་ཡིན་མ་ངེས་པར་ལོ་གཉིས་ཙམ་ཉལ་སར་ལུས་རྗེས་སྐུ་གྲོངས་ཡོད་པས། ཁོང་དང་ན་ཚ་གཅིག་པ་རེད་འདུག་ཟེར།
གློད་གྲོལ་གཏོང་བའི་སོག་རྫོང་གི་ཆབ་སྲིད་བཙོན་པ་གཟུགས་གཞི་ཐང་པོ་ཡོད་པ་གཅིག་རྐྱང་བྱུང་མྱོང་མེད་ལ། བཙོན་གྲོལ་རྗེས་ཆབ་སྲིད་ཀྱི་ཉེས་མིང་ཡོད་རྐྱེན་མི་གཞན་དང་ཐུག་འཕྲད་བྱས་ན་མི་དེ་ཚོར་ཆབ་སྲིད་ཉེས་པ་གཡོགས་པ། སྨན་པ་གཞན་ལ་བསྟེན་ན་སྨན་པ་དེ་ལ་ཆབ་སྲིད་ཀྱི་ནག་ཉེས་གཡོགས་པ་སོགས་བྱས་རྐྱེན། ས་གནས་ཡུལ་མི་དེ་ཚོ་དང་ཐུག་འཕྲད་དང་ཟ་མ་སྐྱེལ་བ་སོགས་བྱེད་མི་ནུས་པ་སོགས་ཀྱི་གནས་སྟངས་བྱུང་སོང་ལ། མདོར་ན་དེང་སྐབས་ཆབ་སྲིད་བཙོན་ཟུར་དེ་ཚོ་ནི་མཛེ་ནད་ཅན་ལྟར་འཛེམས་དགོས་པའི་གནས་སྟངས་ཆགས་ཡོང་གི་འདུག་ཅེས་བོད་ནས་འབྲེལ་ཡོད་ཅིག་གིས་འགྲེལ་བརྗོད་གནང་སོང་།།