ཨ་རིའི་དགུ་པའི་བཅུ་གཅིག་ལ་མྱ་ངན་དྲན་གསོ།
ནིའུ་ཡོཀ་གྲོང་ཁྱེར་གྱི་འཛམ་གླིང་ཚོང་འབྲེལ་བསྟི་གནས་ཁང་གཉིས་ཨལ་ཁེ་དྷ་འཇིགས་སྐུལ་བས་གཏོར་སྐྱོན་བཏང་བའི་འོག མི་གྲངས་ ༣༠༠༠ རྐྱེན་འདས་སུ་སོང་བའི་མྱ་ངན་དུས་དྲན་གྱི་མཛད་སྒོར། སྲིད་འཛིན་ཨོ་བྷ་མ་དང་ལྷན་དུ་སྲིད་འཛིན་ཟུར་པ་བྷུ་ཤི་མཉམ་བཞུགས་གནང་ཡོད་པ་དང་། དེ་བཞིན་མཛད་སྒོ་དེར་རྐྱེན་འདས་སུ་སོང་བའི་ནང་མི་རྣམས་དང། ཨ་རིའི་གཞུང་འབྲེལ་མི་སྣ། རྒྱལ་ཁབ་གཞན་གྱི་སྐུ་ཚབ་བཅས་ཆེད་ཕེབས་གནང་ཡོད་པ་རེད།
ཝ་ཤིང་ཊོན་གྲོང་ཁྱེར་དུ་སྲིད་འཛིན་མཆོག་གིས་གཏམ་བཤད་གནང་དོན། ཨ་རའི་མི་རབས་རྗེས་མ་ཚོས་རང་གི་རྒྱལ་ཁབ་ཆེད་དུ་རང་སྲོག་བློས་གཏོང་མཁན་གྱི་དཔའ་བོ་དང་དཔའ་མོ་ཚོར་དྲན་གསོ་བྱེད་རྒྱུ་ཡིན་པ་དང། རང་ཉིད་ཀྱི་རྒྱལ་ཁབ་དེ་ནི་སུས་ཀྱང་ཕམ་ཉེས་གཏོང་མི་ཐུབ་པར་ཆིག་སྒྲིལ་གྱི་ལུང་པ་ཞིག་ཡིན་པ་ཤེས་ཀྱི་རེད། འདས་པའི་ལོ་བཅུའི་རིང་ང་ཚོས་འཇིགས་སྐུལ་རིང་ལུགས་ལ་ཁ་གཏད་བཅག་ཡོད་པ་དེ་ནི་རྒྱལ་ཁབ་ཀྱི་བྱས་རྗེས་མང་པོ་ཡོད་པའི་ནང་ནས་གཅིག་ཡིན། མི་རབས་རྗེས་མ་ཚོས་ད་དུང་ཡང་ཤེས་དགོས་པ་ཞིག་ནི། ང་ཚོས་ཚེ་གཡོག་རིང་ལུགས་དང། མི་སེར་དམག་འཁྲུག འཚོ་བའི་དཀའ་ངལ་དང་མི་རིགས་ཞེན་ཁོག དཔལ་འབྱོར་ཉམས་རྒུད་དང་འཁྲུག་ཟིང། དམར་པོའི་རིང་ལུགས། དེ་བཞིན་འཇིགས་སྐུལ་རིང་ལུགས་བཅས་ཀྱི་དཀའ་ངལ་འོག་ནས་ཡར་ལངས་ཐུབ་པ་བྱུང་ཡོད་པ་བཅས་རེད་ཅེས་དང། འདས་པའི་མི་ལོ་བཅུའི་རིང་ང་ཚོ་ནི་འཇིགས་སྣང་འོག་རང་དབང་བློས་གཏོང་མཁན་གྱི་རྒྱལ་ཁབ་ཅིག་མ་ཡིན་པ་གསལ་པོ་བསྟན་ཡོད། དེ་ལྟ་ནའང་ཨ་རི་ནས་ཁ་ཆེ་ཆོས་ལུགས་དང་ཆོས་ལུགས་གཞན་བཅས་ཀྱི་ཐོག་དུས་ནམ་ཡང་ཆོས་ལུགས་ཀྱི་དམག་རྒྱག་ཐབས་ཡོད་པ་མ་རེད་ཅེས་གསུངས་ཡོད་པ་རེད།།
{jcomments on}