ཨ་རིའི་དགུ་བཅུ་གཅིག་དོན་རྐྱེན་དྲན་གསོར་ཕུལ་བའི་གསུང་འཕྲིན།

ང་ཚོས་རྐྱེན་འདས་སུ་གྱུར་བ་རྣམས་ལ་རྗེས་དྲན་ཞུ་བ་དང་སྦྲགས། དོན་རྐྱེན་དེའི་རྗེས་འབྲས་ཇི་བྱུང་ཐོག་བསམ་བློ་ནན་པོ་གཏོང་དགོས། མིའི་རྣམ་དཔྱོད་དང་འཕྲུལ་ཆས་དེ་དག་ཁོང་ཁྲོའི་གཞན་དབང་འོག་བེད་སྤྱོད་བཏང་པ་ཡིན་ན། ང་ཚོ་འགྲོ་བ་མི་ཕན་ཚུན་འཇིགས་སྣང་སྐྱེ་དགོས་པའི་གཏོར་སྐྱོན་བཟོ་ཐུབ་ཀྱི་ཡོད་པ་དགུ་བཅུ་གཅིག་གི་དོན་རྐྱེན་དེས་དྲན་སྐུལ་བྱས་ཡོད།

ང་ཚོས་ཡིད་སྐྱོ་བོའི་ངང་དྲན་གསོ་བྱེད་དགོས་པའི་དགུ་བཅུ་གཅིག་གི་དོན་རྐྱེན་དེ་ལས་བློ་སྐྱེད་བླང་སྟེ། གལ་ཏེ་ཞེ་སྡང་གིས་བསམ་བློའི་གཞན་དབང་དུ་སོང་ན་རང་གཞན་གཉིས་ལ་གནོད་འཚེ་ཇི་འདྲ་བཟོ་བཞིན་ཡོད་པ་ཤེས་པ་བྱས་ཏེ། ཞེ་སྡང་གི་བསམ་བློར་འཛེམས་ཟོན་བྱེད་དགོས། རྐྱེན་ངན་དེ་བྱུང་བས། ངོས་ཀྱིས་རྒྱུན་དུ་ཆོས་ལུགས་དང་མི་རིགས་འདྲ་མིན་དབར་ཕན་ཚུན་ཞི་བདེ་དང་བསམ་ཤེས་ཐོག་འཆམ་མཐུན་ངང་གནས་རྒྱུ་ཧ་ཅང་གལ་ཆེ་ཡིན་པ་དང་། དུས་ཀྱི་དགོས་མཁོ་ཞིག་ཆགས་པའི་ཡིད་ཆེས་བྱེད་བཞིན་པ་དེར་ཆོད་སེམས་སྔར་བས་སྲ་བརྟན་དང་ཡིད་ཆེས་འཕར་མ་ཞིག་བསྐྱེས་བྱུང། དེར་བརྟེན་ཆོས་ལུགས་འདྲ་མིན་ཡོད་པ་དེ་དག་གིས་བྱམས་བརྩེའི་སྤྱི་ཚོགས་ཤིག་དང་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུར་ང་ཚོས་འབད་བརྩོན་གང་ཡོང་བྱེད་དགོས། ཞེས་འཁོད་ཡོད།