ཚེ་དབང་ནོར་བུའི་བདུན་ཚིག་བཞི་བ།
ཁམས་རྟའུ་ཉ་མཚོ་དགོན་པའི་གྲྭ་ཚེ་དབང་ནོར་བུ་ལགས་ཀྱིས་བོད་དོན་ཆེད་དུ་སྐུ་སྲོག་མེ་རུ་སྤར་བའི་བདུན་ཚིག་བཞི་བ་སྲུང་བརྩི་དང་སྔོ་སྨོན་འཚོགས་ཡོད་པ་རེད།
སྐབས་དེར་ས་གཞོན་ཚོགས་གཙོ་བྱ་ཉལ་ཚེ་རིང་ལྷ་སྐྱབས་ལགས་ཀྱིས་གྲྭ་ཚེ་དབང་ནོར་བུ་ལགས་ཀྱི་སྐུ་ཚེའི་ལོ་རྒྱུས་མདོར་བསྡུས་དང་འབྲེལ་བོད་ནང་གི་གནས་སྟངས་སྤྱི་དང་། བྱེ་བྲག་ཁམས་རྟའུ་ཁུལ་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་དང་སྦྲགས། བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་ཀྱང་གཞིས་ལུས་སྤུན་མཆེད་སྤྱི་དང་ལྷག་པར་ལུས་སྲོག་ཀྱང་འཕང་མེད་བོད་དོན་ཆེད་གཏོང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་ཞལ་ཆེམ་དང་དམིགས་ཡུལ་འགྲུབ་ཆེད། རང་དབང་གི་གནས་བབ་བེད་སྤྱོད་བྱས་ནས་བོད་དོན་ལས་འགུལ་སྤེལ་དགོས་པའི་གཏམ་བཤད་སྤེལ་སོང་།།
མེ་སོར་གསར་འགོད་པས།