༸གོང་ས་མཆོག་དང་མེཀ་སི་ཀོ་ཡི་སྲིད་འཛིན་མཇལ་འཕྲད།
དེ་ཡང་ཉིན་དེའི་སྔ་དྲོ་༧གོང་ས་མཆོག་གིས་ཨི་རན་ཡུལ་གྱི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་ཤི་རིན་ཨི་བྷ་ཌི་མཆོག་མཇལ་འཕྲད་མཛད་པ་དང་། དེ་རྗེས་༧གོང་ས་མཆོག་བྷ་ན་མེཀ་སི་ཚོགས་ཁང་ཆེན་མོའི་ནང་འགྲོ་བ་མིའི་རིན་ཐང་དང་ཡུལ་ཁྲིམས་དང་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ་ཐེངས་གསུམ་པའི་ཚོགས་མགོན་ཆིབས་སྒྱུར་བསྐྱངས་སྟེ། ༼གཞན་ཕན་དང་བྱམས་བརྩེ་བརྒྱུད་འཆམ་མཐུན་གྱི་སྤྱི་ཚོགས་སྐྲུན་ཐབས་༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་དོན། ང་ཚོས་གཞི་རྩའི་འགྲོ་བ་མིའི་ནང་ཤེས་རྒྱུད་དང་འབྲེལ་བའི་མིའི་བཟང་པོའི་རིན་ཐང་བྱམས་བརྩེའི་བསམ་བློ་དེ་དག་སྣང་མེད་དུ་བཞག་པར་བརྟེན། ཕྱི་དངོས་པོའི་དཔལ་འབྱོར་ཡར་རྒྱས་ཚད་མཐོན་པོར་སོན་ཡང་། གྲོགས་མེད་ཁྱེར་རྐྱང་བྱས་ཏེ་འདོད་མཁན་དེ་འདྲ་མང་པོ་ཡོད་པ་རེད་ཅེས་མི་ལ་བྱམས་བརྩེ་གལ་ཆེན་པོ་ཡིན་པའི་སྐོར་གྱི་བཀའ་སློབ་བསྩལ་ཡོད་པ་རེད།
དེ་བཞིན་ཡུལ་དེའི་བྱང་ཕྱོགས་ས་མཚམས་ཁུལ་དུ་ཉལ་ཐ་དང་འབྲེལ་བའི་མྱོས་རྫས་ཀྱི་དཀའ་ངལ་མང་པོ་ཡོད་པ་མ་ཟད། གཞོན་སྐྱེས་ཚོའི་ཁྲོད་ཉལ་ཐ་ནག་ཚོང་གི་ཤུགས་རྐྱེན་འོག་མི་གསོད་ཁྲག་སྦྱོར་གྱི་དཀའ་ངལ་ཇེ་མང་དུ་འགྲོ་བཞིན་ཡོད་པའི་གནས་སྟངས་དང་འབྲེལ་ནས་བཀའ་སློབ་བསྩལ་དོན། མྱོས་རྫས་རིགས་ཀྱི་དཀའ་ངལ་ཡོང་གཞི་གཙོ་བོ་ནི་གཞོན་སྐྱེས་ཚོའི་སེམས་ནང་མ་འདང་བའི་ཆ་གཅིག་ཡོད་པ་གསལ་པོ་རེད། དེ་ནི་ཕལ་ཆེར་ཤེས་ཡོན་དང་འཚར་ལོངས་བྱེད་སའི་ཁོར་ཡུག་ལ་རག་ལུས་པ་ཞིག་ཡིན། དེར་བརྟེན་གཞོན་སྐྱེས་ཚོར་ནང་སེམས་རྒྱུད་དང་འབྲེལ་བའི་བྱམས་བརྩེ་དང་གཞན་ཕན་གྱི་བསམ་བློའི་ཐོག་ནས་གཅེས་སྐྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་ཅེས་སོགས་ཀྱི་བཀའ་སློབ་བསྩལ།
ལྷན་ཚོགས་གྲུབ་རྗེས། ༸གོང་ས་མཆོག་གིས་གསར་འགོད་པ་ཚོའི་དྲི་བར་བཀའ་ལན་མཛད། དེ་རྗེས་མེཀ་སི་ཀོ་སི་ཊིའི་སྲིད་འཛིན་གྱི་ཕོ་བྲང་དུ་ཆིབས་སྒྱུར་བསྐྱངས་ཏེ། སྲིད་འཛིན་སྐུ་ཞབས་ཕེ་ལིབ་ཁལ་ཌེ་རོན་མཆོག་དང་། ཁོང་གི་སྐུ་ཟླ་ལྕམ་སྐུ་མར་གྷ་རི་ཏ་ཛ་ཝ་ལ་ཁལ་ཌེ་རོན་གཉིས་ལམཇལ་འཕྲད་མཛད་དེ། སྐར་མ་ ༤༥ ཙམ་རིང་ཕན་ཚུན་བཀའ་མོལ་གནང་ཡོད་པ་རེད། སྐབས་དེར་སྲིད་འཛིན་ཕོ་བྲང་དུ་སྐུ་སྒེར་དྲུང་ཆེ་འཆི་མེད་རིག་འཛིནདང། ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས། ལྷོ་ཨ་རིའི་སྐུ་ཚབ་དོན་ཁང་གི་འབྲེལ་འཐུད་པ་ཚེ་དབང་ཕུན་ཚོགས། མེཀ་སི་ཀོ་བོད་ཁང་གི་གཙོ་འཛིན་སྐུ་ཞབས་མར་ཀོ་ཨེན་ཊོ་ནི་ཡོ་ཀ་རམ་བཅས་ཀྱང་ལྷན་བཅར་ཞུས་ཡོད་པ་རེད།
དེ་རྗེས་༧གོང་ས་མཆོག་གིས་མེཀ་སི་ཀོའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཝི་སེན་ཏེ་ཕོ་སི་དང་ཁོང་གི་ནང་མིར་མཇལ་འཕྲད་མཛད། སྐབས་དེར་སྲིད་འཛིན་ཟུར་པ་མཆོག་གིས་༧གོང་ས་མཆོག་ལ་ལོ་རྗེས་མར་རང་ཉིད་ཀྱི་གྲོང་ཚོ་དེར་གདན་ཞུས་ལྟར་༸གོང་ས་མཆོག་གིས་དེ་ལྟར་ཞལ་བཞེས་མཛད་ཡོད་པ་རེད།།