བལ་ཡུལ་དུ་བོད་མི་བྲོས་བྱོལ་བ་ཉི་ཤུ་བཀག་ཉར།
དེ་ཡང་བོད་ནས་བལ་བོད་ས་མཚམས་བརྒྱུད་རྐང་ཐང་ལ་སྐྱབས་བཅོལ་དུ་ཡོང་མཁན་ཡིན་པ་དང་། བོད་མི་ཕོ་མོ་༢༠ ཕྱི་ཚེས་༡༡ ཉིན་བལ་ཡུལ་མཐའ་མཚམས་བྷ་ཇོ་རཱ་རྫོང་ཁོངས་ནས་ས་གནས་ཉེན་རྟོག་པས་མཐོང་སྐབས་ཁོང་ཚོར་བལ་ཡུལ་རྒྱལ་ནང་དུ་ཡོང་ཆོག་པ་དང་འགྲུལ་བཞུད་ཆོག་པའི་ལག་ཁྱེར་གང་ཡང་སྟོན་རྒྱུ་མེད་པར་བརྟེན་བཀག་ཉར་བྱས་ཡོད་པ་རེད།
ས་གནས་ཉེན་རྟོག་པ་ཞིག་གིས་བརྗོད་ན། བྲོས་བྱོལ་པ་དེ་ཚོའི་ནང་བུ་བཅོ་ལྔ་དང་། བུ་མོ་ལྔ་བཅས་བསྡོམས་མི་གྲངས་༢༠ ཡོད་པ་ཚང་མ་ཏཱ་ལའི་བླ་མར་དད་པ་དང་རྗེས་འབྲངས་བྱེད་མཁན་གཞོན་སྐྱེས་ཤ་སྟག་རེད་འདུག། ང་ཚོ་ཕན་ཚུན་བར་སྐད་བརྡ་མི་འཕྲོད་པའི་དཀའ་ངལ་ཡོད་ཐོག་ཁོང་ཚོར་ཐ་ན་རྒྱ་ནག་གི་མི་སེར་ལག་ཁྱེར་ཙམ་ཡང་སྟོན་རྒྱུ་མི་འདུག་པས། ཁོང་ཚོ་རྒྱལ་སའི་ཕྱི་མི་ཞིབ་བཤེར་ལས་ཁུངས་ལ་རྩིས་སྤྲོད་བྱེད་རྒྱུ་ཡིན། དེ་ནས་འདྲི་ཞིབ་རྗེས་སུ་ཕྱིར་རྒྱུ་ནག་ལ་རྩིས་སྤྲོད་བྱེད་རྒྱུ་འམ་ཡང་ན་རྒྱ་གར་ལ་གཏོང་སྲིད་པ་སོགས་ངོ་སྤྲོད་བྱས་ཡོད་པ་རེད།
སྤྱིར་བཏང་བོད་ནང་གི་བོད་མི་ཚོ་རྒྱ་ནག་གི་སྟངས་འཛིན་འོག་ནས་སྡོད་མ་ཐུབ་པར་ལོ་ལྟར་བལ་བོད་ས་མཚམས་འདྲ་མིན་བརྒྱུད་བོད་མི་གྲངས་གསུམ་སྟོང་གཡས་གཡོན་ཙམ་རེ་བྲོས་བྱོལ་ལ་ཡོང་གི་ཡོད་པ་དང་། ༢༠༠༨ ལོའི་རྗེས་ནས་བོད་ནང་དང་མཐའ་མཚམས་ཁག་ལ་དམ་དྲག་གི་རྐྱེན་པས་བྲོས་བྱོལ་བའི་གྲངས་འབོར་ལྡབ་འགྱུར་གྱིས་ཇེ་ཉུང་ལ་སོང་ཡོད་པ་རེད།།