བཙན་བྱོལ་བོད་གཞུང་གི་མིང་བྱང་བརྗེ་བསྒྱུར་སྐོར་ལ་བགྲོ་གླེང་།

tyc_2011_9_14

དེ་ཡང་ཟླ་འདིའི་ཚེས་༡༤ ཉིན་དྷ་ས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བཙན་བྱོལ་བོད་གཞུང་གི་མཚན་བྱང་བརྗེ་བསྒྱུར་སྐོར་ལ་བགྲོ་གླེང་ཞིག་དྷ་ས་ཉིན་མོའི་སློབ་གྲྭ་རུ་འཚོགས་པ་དང་། སྐབས་དེར་ས་གནས་གཞོན་ལྷན་ཚོགས་གཙོ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱི་གཙོ་སྐྱོང་འོག གཏམ་བཤད་གནང་མཁན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་པ་ད་ལྟའི་སྤྱི་འཐུས་ལས་ཐོགས་པདྨ་འབྱུང་གནས་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན། དབུས་གཞོན་ལྷན་ཚོགས་གཞོན་དོན་གྲུབ་ལྷ་དར། དགུ་བཅུ་གསུམ་ཚོགས་གཞོན་ཀླུ་མཁར་བྱམས་བཅས་ཡིན་པ་རེད།

penma jongnyi1_2011_9_14

སྤྱི་འཐུས་པདྨ་འབྱུང་གནས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་བྱས་པའི་བརྒྱུད་རིམ་མདོར་བསྡུས་ངོ་སྤྲོད་གནང་བ་དང་འབྲེལ་གསུང་དོན། སྐབས་བཅུ་བཞི་པའི་སྤྱི་འཐུས་ལྷན་ཚོགས་ནང་༧སྐྱབས་མགོན་རིན་པོ་ཆེས་ཁོང་གི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ཚོར་རྩིས་སྤྲོད་གནང་གི་ཡིན་ཞེས། གསུང་འཕྲིན་ཕེབས་པ་རེད། གྲོས་ཚོགས་ནང་གླེང་སློང་གནང་། གྲོས་ཆོད་བཞག བཀའ་སྤྱི་གཉིས་ལས་གྲུབ་པའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ཞིག་བཙུགས་པ་རེད། ང་ཚོགས་ཆུང་ནང་དུ་ཡོད་པ་རེད། དེའི་སྔོན་འདི་ལོའི་བཅོ་ལྔ་མཆོད་པའི་ཉིན་མོར་༧སྐྱབས་མགོན་རིན་པོ་ཆེས་བོད་གཞུང་གི་གནས་སྟངས་ཐོག་བཀའ་ནན་པོ་ཞིག་ཕེབས་པ་ཡིན་པས། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ནང་ད་ལྟ་བོད་མིའི་སྒྲིག་འཛུགས་གསུངས་པ་དེ་ང་ཚོས་བཟོས་པ་རེད། དེའི་ཉིན་ཁ་ཤས་རྗེས་གཞུང་དེ་མེད་ན། ད་ལྟ་བར་དུ་བོད་མིའི་བསམ་བློའི་ནང་གཞུང་ཟེར་བ་དེ་གཏིང་ཟབ་པོ་འཇགས་ཡོད་པས། གཞུང་ཟེར་བ་དེ་མེད་ན། མི་མང་བདེ་བོ་ཡོང་གི་མ་རེད། གཞུང་ཟེར་བ་དེ་ཡིན་གཅིག་མིན་གཉིས་Government  ཟེར་བ་དེར་གོ་དགོས་པ་མ་རེད། གྲྭ་ཚང་གཞུང་ཟེར་བ་སོགས་དག་ཆ་དེ་རང་གི་ཐོག་ནས་མང་པོ་གོ་རྒྱུ་ཡོད་པས། འབྲེལ་བཤད་བརྒྱབ་ན་རྒྱག་རྒྱུ་འདུག་ཅེས་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ནང་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་བཟོས་པ་རེད། 

དེ་རྗེས་བོད་རྒྱལ་ཡོངས་ཚོགས་ཆེན་འཚོགས། དེའི་དགོངས་འཆར་གཞིར་བཟུང་བཅའ་ཁྲིམས་བསྐྱར་བཅོས་བྱས་པ་རེད། བསྐྱར་བཅོས་མ་བྱས་པའི་སྔོན་༧སྐྱབས་མགོན་རིན་པོ་ཆེས་རང་དབང་དམངས་གཙོའི་གཞུང་དང་རང་དབང་མང་གཙོའི་གཞུང་ཟེར་བ་དེ་འདྲ་ཞིག་གསུངས་པ་རེད། བཅའ་ཁྲིམས་བསྐྱར་བཅོས་གནང་བའི་སྐབས་བཀའ་འབྲེལ་ཡིན་ཟེར་ནས་ཡིག་ཐོག་ཏུ་བོད་མིའི་སྒྲིག་འཛུགས་ཟེར་བ་དེ་ཆགས་པ་རེད། ང་རང་སྒེར་གྱི་བསམ་ཚུལ་ཡིན་ན། རང་དབང་མང་གཙོའི་སྒྲིག་འཛུགས་ཡིན་ནའང་རེད། ཁ་སེང་བཀའ་ཕེབས་པ་ནང་བཞིན་ཞིག་དགོས་ཀྱི་འདུག་བསམ་སོང་ཡང་། རྗེས་སུ་བོད་མིའི་སྒྲིག་འཛུགས་ཞེས་པ་དེ་བཀའ་ཕེབས་པ་ཡིན་པས། དེ་རང་འཇོག་རྒྱུ་རེད་བསམ་ནས་བཞག་པ་རེད། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ནང་ཡོད་པའི་བོད་མིའི་གཞུང་གི་སྒྲིག་འཛུགས་དེ་ཡིན་ནའང་འགྲིག་པ་ཡོད་བསམ་སོང་། གང་ལྟར་བཀའ་འབྲེལ་ཡིན་པས། བཅའ་ཁྲིམས་བསྐྱར་བཅོས་དེ་ང་ཚོས་དང་དུ་བླང་ནས་བྱེད་ཀྱི་ཡོད་པ་མ་རེད། ༧སྐྱབས་མགོན་རིན་པོ་ཆེའི་བཀའ་དང་དགོངས་པ་གཞིར་བཟུང་ང་རང་ཚོར་འདོད་པ་ཡོད་མེད་ལ་མ་ལྟོས་པར་བསྐྱར་བཅོས་བྱས་པ་རེད།

penma jongnyi_2011_9_14

ང་ཚོས་བཅའ་ཁྲིམས་བསྐྱར་བཅོས་བྱས་ཚར་པའི་རྗེས་ལ། བསྐྱར་བཅོས་རྗེས་ལ་ཁྲིམས་དང་སྒྲིག་གཞི་ག་རེ་བསྐྱར་བཅོས་དགོས་པའི་ཚོགས་ཆུང་ནང་ང་ཚོ་སྤྱི་འཐུས་ལྔ་ཚོགས་གཙོ་གཉིས་ཀྱིས་བསྐོ་བཞག་གནང་བ་རེད། ཉིན་གཅིག་དེའི་སྐབས་ཀྱི་བཀའ་བློན་ཁྲི་པ། འདེམས་ཐོན་བཀའ་ཁྲི། སྤྱི་འཐུས་ཚོགས་གཙོ་བཅས་༧སྐྱབས་མགོན་རིན་པོ་ཆེ་ཕེབས་བསུའི་སྐབས། བཀའ་བློན་ཁྲི་པས་བོད་མིའི་སྒྲིག་འཛུགས་ཟེར་བ་དེ་བཅའ་ཁྲིམས་ཀྱི་ལེའུ་དང་པོའི་དགོངས་དོན་ཡིན་པ་ལས། སྤྱི་ཡོངས་ལ་གོ་རྒྱུ་ཞིག་ཡིན་ས་རེད་གསུངས་སོང་ཞེས་ཚོགས་གཙོ་གཉིས་ཀྱིས་ང་ཚོ་ཚོགས་ཆུང་གི་མི་བཀའ་འགུག་གནང་ནས་ང་ཚོས་བཟོས་ན་གསུངས་སོང་། ང་ཚོ་བཅའ་ཁྲིམས་བསྐྱར་བཅོས་རྗེས་འབྲེལ་གྱིས་ཁྲིམས་སྒྲིག་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ཡིན་པས། དེ་ང་ཚོས་བྱས་ན་འགྲིག་གི་མ་རེད། ཡིན་ཡང་ད་སྔ་བར་དུ་བཅའ་ཁྲིམས་བསྐྱར་བཅོས་བྱས་པ་དེ་༧སྐྱབས་མགོན་པོ་ཆེའི་བཀའ་དགོངས་གཞིར་བཟུང་བྱས་པ་རེད། ༧སྐྱབས་མགོན་རིན་པོ་ཆེའི་བཀའ་འདི་ཡིན་ས་རེད། ཕ་གི་ཡིན་ས་རེད་མ་གསུངས་པར། ཡིན་པ་དེ་གསལ་པོ་བཟོ་དགོས་ཀྱི་འདུག  ཚོགས་གཙོ་རྣམ་གཉིས་ཡིན་ནའང་རེད། བཀའ་ཁྲི་ཡིན་ནའང་རེད། ༧སྐྱབས་མགོན་རིན་པོ་ཆེ་ཟུར་མཇལ་ཞུས་ནས་དགོངས་པ་ཞུས་ན་ཡག་པོ་འདུག་ཞུས་པ་རེད།

ང་རང་ཡིན་ན་བཅའ་ཁྲིམས་ནང་བོད་མིའི་སྒྲིག་འཛུགས་བཟོས་པ་དེ་༧སྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་གཞིར་བཟུང་བསྐྱར་བཅོས་བྱས་པ་ཞིག་ཡིན་བསམ་གྱི་ཡོད་པ་ལས། དེ་གར་ང་ཚོས་བགྲོ་གླེང་བྱས་ནས་བྱུང་བ་ཞིག་ཡིན་བསམ་གྱི་མེད། ༧སྐྱབས་མགོན་རིན་པོ་ཆེའི་བཀའ་གནང་བ་དྲོད་མ་ཡལ་གོང་ནས་ཡང་བསྐྱར་བརྗེ་པོ་རྒྱག་གི་ཡིན་གསུངས་ན་ཁྱད་མཚར་པོ་འདུག དོན་གྱི་ཐོག་ནས་གཞུང་ཡོད་པ་ཞིག་དགོས་ཀྱི་འདུག་མོད། ཁ་སེང་བསྐྱར་བཅོས་གནང་བ་དེ་བཀའ་དགོངས་རེད་དང་མ་རེད། ཡིན་ན་ལམ་སང་བསྐྱར་བཅོས་བྱེད་རྒྱུ་བདེ་པོ་ཡོད་པ་མ་རེད། མིན་ན་བཀའ་དགོངས་ངོ་མ་ག་རེ་རེད། དེ་གཞིར་བཟུང་བྱེད་དགོས་པ་རེད་ཅེས་གསུངས་སོང་།

dundup lhadar_2011_9_14གཞོན་ལྷན་ཚོགས་གཞོན་དོན་གྲུབ་ལྷ་དར་གྱིས་གསུང་དོན། ག་རེ་བྱས་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བཙན་བྱོལ་བོད་གཞུང་གི་མཚན་བྱང་དེ་རང་སོར་དགོས་ཞེས་ཨུ་ཚུགས་རྒྱག་གི་ཡོད་པ་རེད་ཟེར་ན། ང་ཚོ་འཐབ་རྩོད་བྱེད་མཁན་ཞིག་གི་ངོས་ནས་འཐབ་རྩོད་ཀྱི་དམིགས་ཡུལ་དེ་བརྟན་པོ་དང་ཁ་གསལ་པོ་རྒྱུན་འཆང་ནས་གནས་དགོས་པ་དེ་འཐབ་རྩོད་ཀྱི་མ་རྩ་རེད། ༡༩༧༢ ལོའི་ཕྱི་ཟླ་༧ པའི་ནང་བོད་མི་མང་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱ་གར་གཞུང་ལ་བཙན་བྱོལ་བོད་གཞུང་དེ་བོད་མི་ས་ཡ་དྲུག་གི་ཁྲིམས་མཐུན་གྱི་གཞུང་ཡིན་པར་ངོས་འཛིན་གནང་རོགས་ཞེས་སྙན་ཞུ་ཕུལ་འདུག དེ་ནས་ལོ་སུམ་བཅུའི་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཙན་བྱོལ་བོད་གཞུང་གི་མཚན་བྱང་ཕྱིར་བསྡུ་བྱེད་རྒྱུའི་འགྱུར་བ་ཞིག་ཕྱིན་པ་རེད། དེ་འཐབ་རྩོད་བྱེད་མཁན་གྱི་ངོས་ནས་བསམ་བློ་བཏང་ན་དམིགས་ཡུལ་དེ་རྒྱུན་འཁྱོངས་བྱེད་མ་ཐུབ་པའི་ཕམ་ཁ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ནའང་གཞུང་དང་གྲོས་ཚོགས་ལ་གུས་བཀུར་དང་ཡིད་ཆེས་མེད་པ་ཞིག་ཆགས་ཀྱི་མེད། མི་མང་ལ་སྐྱོན་སེལ་བྱེད་རྒྱུའི་འགན་ཡོད་པའི་ཆ་ནས་ཞུ་ཡི་ཡོད། དང་ཐོག་དཀའ་ཚགས་ཆེ་བའི་ཁྲོད་སྐྱབས་བཅོལ་དུ་འབྱོར་སྐབས་བཙན་བྱོལ་བོད་གཞུང་ངོས་ལེན་མེད་ཅེས་རྒྱ་གར་གྱིས་ཁ་གསལ་པོ་གསུངས་ཡོད་པ་རེད། གསར་འགོད་པས་༧སྐྱབས་མགོན་རིན་པོ་ཆེར་བཀའ་འདྲི་ཞུས་པའི་ལན་དུ། ང་དང་ངའི་བཀའ་ཤག་གང་དུ་ཡོད་པ་དེར་བོད་མི་མང་གིས་བོད་གཞུང་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་ཅེས་ཁྲིམས་ལུགས་ཀྱི་ཐོག་ནས་བལྟས་ནའང་རེད། ཆབ་སྲིད་ཀྱི་ཐོག་ནས་བལྟས་ནའང་རེད།  འཐབ་རྩོད་ཀྱི་ཆ་ནས་ཡིན་ནའང་རེད་ཧ་ཅང་རླབས་ཆེན་གྱི་བཀའ་ལན་གནང་བ་རེད། འདས་པའི་ལོ་༣༠ གོང་གི་བོད་མི་མང་སྤྱི་འཐུས་ཀྱི་ལངས་ཕྱོགས་དང། ལོ་༥༠ གོང་གི་༧སྐྱབས་མགོན་རིན་པོ་ཆེའི་བཞེངས་ཕྱོགས། བོད་མི་མང་གི་མངོན་འདོད་གང་ལ་བལྟས་ཀྱང་ང་ཚོས་བོད་གཞུང་གི་མཚན་བྱང་རྒྱུན་འཛིན་དགོས་པའི་རྒྱུ་མཚན་དང་པོ་རེད།

རྒྱལ་ཁབ་ཀྱི་ཐ་སྙད་དང་འབྲེལ་བའི་བོད་གཞུང་ཟེར་དུས་རྒྱལ་ཁབ་ཀྱི་སྲིད་གཞུང་Government ལ་གོ་ཡི་རེད་མ་གཏོགས་གཞན་པོ་གོ་ས་ཡོད་པ་མ་རེད། དེས་འདས་པའི་བྱུང་རིམ་ནང་བོད་རང་བཙན་གྱི་རྒྱལ་ཁབ་ཡིན་པའི་དཔང་རྟགས་གསལ་པོ་སྟོན་གྱི་རེད་ལ། བཙན་བྱོལ་ཟེར་དེས་རང་གི་ལུང་པ་དགྲ་ལག་ཏུ་ཤོར་ནས་སོ་སོའི་གཞུང་དེ་མིའི་ལུང་པར་གྱར་ནས་འཐབ་རྩོད་པ་ཞིག་ཡིན་པར་དྲན་སྐུལ་བྱེད་ཀྱི་ཡོད་པ་རེད། ད་ལྟ་བར་བོད་ཕྱི་ནང་ཚང་མའི་ནང་རང་སྲོག་བློས་གཏོང་གིས་བཙན་རྒྱལ་རྒྱལ་ཁབ་ལ་ཁ་གཏོད་བྱས་པ་དེར་རྒྱབ་ལྗོངས་ཆེན་པོ་གསུམ་ཡོད་པ་རེད། དང་པོ་འདས་པའི་ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པ། གཉིས་པ་སྐྱབས་མགོན་རིན་པོ་ཆེའི་རླབས་ཆེན་གྱི་དབུ་ཁྲིད་ཡོད་པ། གསུམ་པ་བཙན་བྱོལ་ནང་སོ་སོར་སྲིད་གཞུང་ཞིག་ཡོད་པའི་སྟོབས་ཤུགས་ལ་བརྟེནས་ང་ཚོའི་འཐབ་རྩོད་རྒྱུན་འཁྱོངས་ཐུབ་པ། མ་འོངས་པར་ཡང་བོད་རང་བཙན་འཐབ་རྩོད་ཀྱི་དམིགས་འབེན་ཆགས་ཡོད་པ་བཅས་རེད། དེར་བརྟེན་བོད་གཞུང་གི་མིང་དོན་གཉིས་ཀ་རྒྱུད་འཛིན་དགོས་པའི་རྒྱུ་མཚན་དེ་རེད།

འགྱུར་བ་བཏང་བའི་བརྒྱུད་རིམ་ནང་དབང་ལྡན་འགན་འཛིན་དང་མཐོ་རིམ་དབུ་ཁྲིད་ཚོས་འགྱུར་བ་གཏོང་དགོས་པའི་རྒྱུ་མཚན་ཁ་གསལ་ཡོད་པ་མ་རེད།  གནས་ཡུལ་གཞུང་གི་གནོན་ཤུགས་ཡོད་སྐོར་གྱི་བཀའ་མོལ་གནང་ཡོད་པ་རེད། འགྱུར་བ་བཏང་བའི་རྗེས་གནས་ཡུལ་གཞུང་གི་གནོན་ཤུགས་མེད་སྐོར་ཡང་གསུངས་པ་ཡོད་པ་རེད། གལ་ཆེ་ཤོས་དེ་དབུ་ཁྲིད་ཚོས་མི་མང་མགོ་མ་འཐོམ་པ་དང་། མི་མང་གི་དམིགས་ཡུལ་དུམ་བུར་མ་ཕྱིན་པ། ནུས་པ་གཅིག་གྱུར་ཡོང་བ། དམིགས་ཡུལ་གྱི་ཐོག་དོགས་པ་མ་སླེབས་པ་བྱེད་དགོས་པ་དེ་གལ་ཆེན་པོ་རེད། དེའི་སྐབས་ཀྱི་བཀའ་བློན་ཁྲི་པས། མིང་འགྱུར་བ་ཕྱིན་ཡང་དོན་ལ་འགྱུར་བ་ཕྱིན་མེད་གསུངས་ཡོད་པ་རེད། དོན་ལ་འགྱུར་བ་ཕྱིན་མེད་ན་མིང་འགྱུར་བ་གཏོང་དགོས་དོན་གང་རེད། དེ་དྲི་བ་ཞིག་རེད། མིང་འགྱུར་བ་བཏང་བ་དེར་གནད་འགག་མེད་ཅེས་གསུངས་པ་དེ་ལོ་རྒྱུས་ཀྱི་ནང་ཏག་ཏག་སྡོད་ཀྱི་མ་རེད། མཁས་པ་གོང་མ་ཚོས་མིང་གིས་བདག་པར་མ་བྱས་ན། འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར་གསུངས་ཡོད་པ་རེད། དེ་བཞིན་མིང་དོན་མཚུངས་པ་ཞིག་དགོས་ཀྱི་རེད་གསུངས་ཡོད་པ་རེད། མིང་གིས་དོན་མཚོན་པར་བྱེད་དགོས་པ་རེད། མིང་དང་འབྲེལ་བའི་ཡོད་པའི་རྒྱལ་དབང་སྐུ་ཕྲེང་གསུམ་པའི་སྐབས་གནས་ཚུལ་ཆེན་པོ་ཞིག་བྱུང་བ་རེད།  ༡༩༣༤ ལོར་རྒྱ་ནག་གི་སྐབས་དེའི་རྒྱལ་ས་ནན་ཅིང་དང་གྲོང་ཁྱེར་པེ་ཅིང་དུ་བོད་གཞུང་གི་དོན་གཅོད་བཙུགས་ཡོད་པ་རེད། ནན་ཅིང་སྲིད་གཞུང་གིས་དོན་གཅོད་ཀྱི་མིང་ལ་བོད་ཀྱི་དོན་གཅོད་བཏགས་ན་འགྲིག་གི་མ་རེད། ཏཱ་ལའི་བླ་མའི་དོན་གཅོད་བཏགས་དགོས་པ་རེད་ཅེས་བརྗོད་སྐབས། དེ་འགྲིག་གི་མ་རེད་ཅེས་བོད་གཞུང་གིས་འཐབ་རྩོད་བྱས་པ་རེད། མིང་ལ་གནད་འགག་ཡོད་པ་རེད། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་དབྱིན་ཇི་ཡི་བཙན་འཛུལ། ཉི་ཧོང་གི་བཙན་འཛུལ། ར་ཤི་ཡིས་བཙན་འཛུལ་སོགས་ཕྱོགས་སྣ་མང་ནས་དཀའ་ངལ་འཕྲད་པའི་སྐབས་མིང་གལ་ཆེན་པོར་བརྩི་བའི་རླབས་ཆེན་གྱི་སྙིང་སྟོབས་ལ་འགྱུར་བ་གཏོང་རྒྱུ་ཡོད་པ་མ་རེད། ང་ཚོས་རྒྱུད་འཛིན་བྱེད་དགོས་པ་རེད་ཅེས་སོགས་མིང་ལ་འགྱུར་བ་བཏང་རྗེས་མི་མང་ནང་བསམ་ཚུལ་འདྲ་མིན་ཡོང་གི་ཡོད་སྐོར་སོགས་གསུངས་ཡོད་པ་རེད།

munlam tharshen_2011_9_14སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱིས་གསུང་དོན། ངས་ཞུ་རྒྱུ་དེ་སྐབས་སུ་བབས་པའི་བོད་མིའི་སྒྲིག་འཛུགས་སམ་བཙན་བྱོལ་བོད་མའི་སྒྲིག་འཛུགས་བཅའ་ཁྲིམས་ནང་ལ་ཡོད་པ་དེའི་གནས་སྟངས་དེ། ག་འདྲ་བྱས་ནས་འགྱུར་བ་བཏང་བ་དེ་རེད། སྤྱིར་སྟངས་བརྒྱུད་རིམ་ཐོག་ནས་བརྒྱུད་ལམ་འདྲ་མིན་གྱི་ཐོག་ནས་གནས་ཚུལ་འདྲ་མིན་བཤད་མཁན་མང་པོ་ཞིག་ཡོད་པ་རེད། ང་ཚོ་སྤྱི་འཐུས་ལྷན་ཚོགས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་མཐུན་པ་ཞིག་བཟོས་ཡོད་པར་ངོས་འཛིན་ཞུ་ཡི་ཡོད། བརྒྱུད་རིམ་དེ་ངས་ཞུ་རྒྱུ་ཡིན། ང་ཚོ་བཙན་བྱོལ་སྤྱི་ཚོགས་འདིའི་ནང་ལ། ཐོག་མར་མང་གཙོ་གསོལ་རས་གནང་མཁན་དེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རེད། བར་དུ་འགྱུར་བ་རིམ་པར་གཏོང་མཁན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ཕེབས་པ་དང་། གྲོས་ཚོགས་ནང་ལ་ཆིབས་བསྒྱུར་གནང་བ། བཀའ་རྩ་ཁྱབ་བསྒྲགས་འདྲ་མིན་དེ་འདྲའི་ཐོག་ནས་འགྱུར་བ་བཏང་བ་ལས། སྤྱི་ཚོགས་ཐོག་བཤད་མཁན་མང་པོ་ཡོད་པ་རེད་དེ། དངོས་སུ་ལག་ལེན་བསྟར་མཁན་དཀའ་ལས་ཁག་པོ་བྱུང་བ་རེད། གནས་སྟངས་དེ་འདྲ་ལ་བརྟེན་ནས་ད་ལྟའི་འགྱུར་བ་ཆེན་པོ་ཕྱིན་པ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད།

ཐོག་མར་གོང་ས་མཆོག་གི་ཡོངས་གྲགས་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་དང། དེ་བཞིན་ཀ་ལིམ་སྦུག་ལ་ཤུགས་ཆེན་པོ་གསུངས་པ་དེ་ཚོའི་ནང་ལ། བཙན་བྱོལ་སྒྲིག་འཛུགས་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཟེར་བ་མང་པོ་གཅིག་ཐོན་སྡོད་ཀྱི་ཡོད་པ་རེད། མ་ཟད་༧གོང་ས་མཆོག་གི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་གནང་བའི་གསུང་འཕྲིན་རིན་པོ་ཆེའི་ནང་ལ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་སྒྲིག་འཛུགས་དེ་ཚོ་གཞི་འཇོག་ས་དེ། ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་བར་དུ་དེ་སྲིད་བཙན་བྱོལ་གྱི་སྒྲིག་འཛུགས་འདི་སྲ་བརྟན་དུ་གནས་དགོས་ཀྱི་ཡོད་པ་དང་། བཙན་བྱོལ་གྱི་སྒྲིག་འཛུགས་འདིའི་འགོ་ཁྲིད་དེ་མི་གཅིག་རང་གི་ཁུར་ན་འགྲིག་གི་མེད་པའི་བཀའ་སློབ་ཕེབས་ཡོད་པ་རེད། རིམ་པ་བཞིན་དུ་གྲོས་ཚོགས་ནང་ལ་གླེང་སློང་བྱུང་ནས་མཐའ་མ་དེ་ལ་གྲོས་ཚོགས་ཀྱིས་ལས་འཆར་ཚོགས་ཆུང་བཙུགས་པ་རེད། ལས་འཆར་ཚོགས་ཆུང་གི་སྙན་ཐོའི་ནང་ལ་བཙན་བྱོལ་སྒྲིག་འཛུག་དང་བོད་མིའི་སྒྲིག་འཛུགས་ཟེར་བ་དེ་ཐོན་ཡོད་པ་རེད། དེའི་སྐབས་ང་རང་ལ་མཚོན་ན་དེ་ཏག་ཏག་སྡོད་ཀྱི་མེད་པ་དང་། དེའི་ཐོག་ལ་བསམ་འཆར་བཤད་པ་ཡིན། དེའི་མཇུག་ལ་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་བཙུགས་པ་དེས་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་བེད་སྤྱོད་གཏང་གནང་ཡོད་པ་རེད། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་འཚོགས་ནས། ཤུགས་ཆེན་པོའི་ཐོག་ནས་བཙན་བྱོལ་བོད་གཞུང་ཟེར་བའི་ཚིག་དེ་མེད་པ་ཡིན་ན་ཏག་ཏག་སྡོད་ཀྱི་མེད་པ་དང་། དེ་ངེས་པར་དུ་དགོས་ཀྱི་ཡོད་གསུངས་པ་རེད། ཐ་མ་དེ་ལ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་དེའི་མཐའ་བསྡོམས་ཀྱི་སྙན་ཐོ་དེའི་ནང་གི་དོན་ཚན་དང་པོའི་ནང་ལ། བཙན་བྱོལ་སྒྲིག་འཛུགས་ཟེར་བ་དེ་འདུག ཡིན་ཡང་དོན་ཚན་དང་པོའི་ནང་གསེས་དང་པོ་དང་ནང་གསེས་གཉིས་པའི་ནང་ལ་བཙན་བྱོལ་བོད་གཞུང་དང་བོད་མིའི་ངོས་ནས་༧གོང་ས་མཆོག་ལ་བཀའ་སློབ་ལམ་སྟོན་ག་རེ་ཞུ་དགོས་ཡོད་ནའང་དེ་ཞུ་ཡི་ཡིན་ཟེར་བ་དེ་རེད། དེ་ཡར་སྙན་གསན་ཞུས་ཚར་པའི་མཇུག་ལ་༧གོང་ས་མཆོག་གིས་བཀའ་སློབ་ནན་པོ་གཅིག་གསུངས་པའི་ནང་ལ། ང་ཚོ་སྣང་བ་དག་ན་འགྲིག་གི་མ་རེད་གསུངས་པ་དང་། གནས་སྟངས་མང་པོ་ཅིག་གསུངས་ནས། མཐའ་མ་དེ་ལ་གོང་དུ་གསུངས་པའི་བོད་མང་གཙོའི་སྒྲིག་འཛུགས་དེ་འདྲ་ཞིག་གསུངས་པ་རེད། གྲོས་ཚོགས་ནང་ལ་སླེབས་པའི་གནས་སྐབས། གྲོས་ཚོགས་ནང་སྐུ་སྒེར་ཡིག་ཚང་བརྒྱུད་ནས་༧གོང་ས་མཆོག་གི་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་མཐའ་སྡོམས་ཀྱི་སྙན་ཐོ་དང་། བཙན་བྱོལ་བོད་མའི་བཅའ་ཁྲིམས་དང་སྔོན་གླེང་། དོན་ཚན་དང་པོའི་ནང་ནས་ཞལ་བཞེས་གནང་འོས་པ་ག་རེ་ཡིན་པ་དང་། མ་འོས་པ་ག་རེ་ཡིན་པ་དང་། དེ་ལ་བསྒྱུར་བཅོས་ག་རེ་གཏོང་དགོས་ཀྱི་ཡོད་པ། དེ་ཡི་ཆ་རྐྱེན་དེ་མར་སྐུ་སྒེར་དྲུང་ཆེ་བརྒྱུད་ནས་བཀའ་གཅིག་ཕེབས་ཡོད་པ་རེད། དེའི་ནང་ལ་བཙན་བྱོལ་སྒྲིག་འཛུགས་གསུངས་ནས། ད་ལྟ་བཙན་བྱོལ་བོད་གཞུང་གསུངས་ས་དེ་ལ་ཚིག་དེ་འདྲ་ཞིག་བྲིས་གནང་ཡོད་པ་རེད། མཐའ་མ་དེ་ལ་དེའི་ཐོག་ལ་ཚོགས་གཙོ་དང་དེ་འདྲའི་བརྒྱུད་རིམ་བྱས་ནས་བཀའ་ཡིག་མཐའ་མ་ཕུལ་བ་དེའི་ནང་ལ་བོད་མིའི་སྒྲིག་འཛུགས་ཟེར་བ་དེ་ཡོད་པ་རེད།

གྲོས་ཚོགས་ནང་ལ་གླེང་སློང་ཤུགས་ཆེན་པོ་བྱུང་བའི་གནས་སྐབས་སུ། སྐབས་དེའི་བཀའ་བློན་ཁྲི་པས་ད་ལྟ་བར་དུ་༧གོང་ས་མཆོག་གི་བཙན་བྱོལ་བོད་གཞུང་གསུངས་མ་མྱོང་བ་རེད་ཅེས་གསུངས་པ་རེད། ང་ཚོས་བཙན་བྱོལ་བོད་གཞུང་ཟེར་བའི་ཚིག་བེད་སྤྱོད་བཏང་བ་ཡིན་ན། ༧གོང་ས་མཆོག་གི་ཞལ་བཞེས་གནང་རྒྱུར་དཀའ་ལས་ཁག་ཏུ་འགྲོ་ཡི་རེད་ཟེར་བ་དང་། དེ་འདྲའི་གནས་སྟངས་མང་པོ་གཅིག་དང་། ང་ཚོས་ཀྱང་༧གོང་ས་མཆོག་གི་བཀའ་སློབ་རིམ་པའི་དགོངས་དོན་ལ་བསྟུན་ནས། བོད་མིའི་སྒྲིག་འཛུགས་ཟེར་བ་དེ་ཏག་ཏག་སྡོད་ཀྱི་ཡོད་པ་དང། དེ་ཡང་༧གོང་ས་མཆོག་གི་དགོངས་གཞི་ཡིན་པ་གཅིག་རང་ལ་ངོས་འཛིན་བྱས་ནས་ཐ་མའི་གཏན་འབེབས་གནང་སྟངས་དེ་འདྲ་ཞིག་རེད་གསལ་པོ་བྱས་ནས་ཞུ་ཡི་ཡོད།

tyc1_2011_9_14དེ་ཕན་ཆདེ་ཀྱི་གླེང་སློང་འདྲ་མིན་དང་སྐད་ཆ་འདྲ་མིན་མང་པོ་ག་ཚོད་བཤད་པ་ཡིན་ན་དེའི་གནས་སྟངས་དེ་མི་རེ་རེ་ཡི་༧གོང་ས་མཆོག་གི་བཀའ་སློབ་ལ་དུམ་བུ་དུམ་བུར་བཅད་ནས་གསུང་སྟངས་རེ་རེ་བཞིན་ཡོད་པ་རེད། ཡིན་ནའང་ང་རང་ཚོའི་ལྟ་བ་ལངས་ཕྱོགས་ལ་འགྱུར་བ་མང་པོ་ཐེབས་པ་རེད། གཅིག་དགུ་བདུན་ཅུ་དོན་གྲངས་བར་བོད་གཞུང་གི་རང་བཙན་གཙང་མའི་ལངས་ཕྱོགས་བཟུང་ཡོད་པ་རེད། དེའི་མཇུག་ལ་འགྱུར་བ་མང་པོ་ཐེབས་ནས་ད་ལྟ་འགྲོ་བསྡད་ཡོད་པ་རེད། དེ་ཚོ་ཚང་༧གོང་ས་མཆོག་གི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཐེངས་ཉེར་ལྔ་པ་ལ་མཚན་རྟགས་མ་བསྐྱོན་བར་དུ་བོད་རྒྱལ་ཁབ་དང་མི་རིགས་ཚང་མའི་དབུ་ཁྲིད་བྱས་ནས་ཐབས་ལམ་དེ་ལམ་སྟོན་གནང་བ་ལ་ངོས་འཛིན་དང་། ང་ཚོ་དེ་བཞིན་ཕྱིན་བསྡད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་རིང་བསྐྱར་བཅོས་གང་ཕྱིན་པ་དེ་ཡང་ང་ཚོས་༧གོང་ས་མཆོག་གི་དགོངས་གཞི་དང་མཐུན་པ་ཞིག་བྱུང་ཡོད་པ་ལ་ངོས་འཛིན་ཞུ་ཡི་ཡོད། དེ་འཐུས་པ་པ་ཞིག་བྱུང་མེད་པ་ཡིན་ན་ཏག་ཏག་སྡོད་ཀྱི་ཡོད་པ་མ་རེད། དེ་ཕན་ཆད་ཚུན་ཆད་ལ་འགྲེལ་བ་རྒྱག་རྒྱུ་མེད་པ་དང་དེ་ལ་གསལ་བཤད་བྱེད་རྒྱུ་མེད་པ་དེ་འདྲ་གང་ཡང་མ་རེད། དེ་ཚོའི་བརྒྱབ་ལྗོངས་དང་རྒྱུ་མཚན་ཚང་མ་འདིར་ཡོད། དེ་ཡིན་དུས་ང་ཚོས་འགྱུར་བ་བཏང་ནས་འགན་ཁུར་སྟངས་དེ་འདྲ་རེད་མ་གཏོགས། ཡང་མི་རེ་གཉིས་ཀྱིི་བཤད་ཕྱོགས་ཡག་བཙོག་དང་། གྲོས་ཚོགས་འཐུས་མི་དེ་ཚོས་བསམ་བློ་རྩ་བ་ནས་མ་བཏང་བ་གནས་སྟངས་མ་རེད། འགྱུར་བ་གཏོང་བ་དེ་འགྲེལ་བཤད་རྒྱག་སྟངས་མང་པོ་ཞིག་རེད། ད་ལྟ་གསུངས་པ་ནང་བཞིན་རེད། སྐབས་དེ་དུས་ཀྱི་བཀའ་བློན་ཁྲི་པ་རིན་པོ་ཆེ་མཆོག་གིས་འགྱུར་བ་བཏང་བ་མ་རེད། དབྱིན་ཇིའི་མིང་དང་མཐུན་པ་བཟོས་པ་རེད་མ་གཏོགས། མིང་དེ་༡༩༦༠ ནང་ནས་རྒྱ་གར་གྱིས་Central Tibet Administration ཟེར་བ་དེ་ང་ཚོ་ལ་སྤྲད་ཡོད་རེད། ང་ཚོས་དེ་དང་མཐུན་པ་ཞིག་བཟོས་པ་ཡིན་མ་གཏོགས་འགྱུར་བ་གང་ཡང་བཏང་མེད་ཅེས་གསལ་བཤད་གནང་ཡོད་པ་རེད། དོན་དག་ད་ལྟ་ང་ཚོའི་འགྱུར་བ་ཕྱིན་པ་དེ་རྒྱ་གར་གཞུང་གི་ཁས་ལེན་གྱི་ཡོད་པའི་ཚིག་དང་མཐུན་པ་ཞིག་བཟོ་ཡི་ཡོད་པ་ལ་ང་ཚོས་ངོས་འཛིན་བྱེད་ཀྱི་ཡོད་ལ། ༧གོང་ས་མཆོག་གིས་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་གྱི་མཇུག་སྡོམས་ཚར་བའི་མཇུག་ལ་ང་ཚོ་མཇལ་བའི་གནས་སྐབས་སུ་སྣང་བ་དག་ན་འགྲིག་གི་མེད་པ་དང་། མང་པོ་ཞིག་ཕར་ཚུར་ལ་བསྟུན་དགོས་ཀྱི་ཡོད་པ་དང་། གནས་སྟངས་མང་པོ་ཞིག་ལ་བསྟུན་དགོས་ཀྱི་ཡོད་པ་དེ་འདྲ་གསུངས་པ་དེ་ཡི་དགོངས་དོན་ཏག་ཏག་བསྡད་ཡོད་པ་དེ་ལ་ངོས་འཛིན་གྱིས་ཕྱིན་པ་ཡིན་ཞུ་རྒྱུ་ཡིན།།

lukhar sham_2011_9_14དགུ་བཅུ་གསུམ་གྱི་ཚོགས་གཞོན་ཀླུ་མཁར་བྱམས་ཀྱིས་གསུང་དོན། བཙན་བྱོལ་བོད་གཞུང་གི་མིང་དེ་འགྱུར་བ་བཏང་ཚར་པ་རེད། ཡིན་ནའང་ཡང་བསྐྱར་འགྱུར་བ་ཞིག་གཏོང་གི་ཡོད་པ་རེད་ཅེས་བརྒྱུད་ལམ་ཁག་ཏུ་སླེབས་ཀྱི་ཡོད་པས། མིང་འགྱུར་བ་བཏང་བ་དེར་བསམ་ཚུལ་མེད་ན་ཚོགས་འདུ་འཚོགས་དགོས་པ་ཡོད་པ་མ་རེད་མོད། ཡང་བསྐྱར་བསམ་ཚུལ་ཡོད་པས། ཚོགས་འདུ་འཚོགས་དགོས་པ་རེད་ལ། ང་ཚོ་མི་ཁ་ཤས་ཀྱིས་དུས་རྒྱུན་སྤྱི་ཚོགས་ནང་སྡུག་སྐད་བརྒྱབ་བསྡད་ཡོད་པ་རེད། ང་ཚོ་སྡུག་པའི་ནང་གི་ཡག་པོོ་རེད། བཤད་སའི་གོ་སྐབས་ཤིག་རག་གི་ཡོད་པ་རེད་མ་གཏོགས། སོ་སོའི་སེམས་ཀྱི་སྡུག་བསྔལ་བཤད་ས་མ་རག་པར་སྡོད་མཁན་ཡང་མང་པོ་རེད། བཙན་བྱོལ་བོད་གཞུང་གི་མིང་འགྱུར་བ་བཏང་ན་རང་བཙན་ལག་དེབ་ཀྱི་དངུལ་དེ་སྤྲོད་རྒྱུ་མིན་ཟེར་མཁན་ཡང་ཡོད་པ་རེད། འགྱུར་བ་འདི་༧རྒྱལ་བ་རིན་པོ་ཆེའི་བཀའ་སློབ་རེད་ཅེས་བཞག་ན་འཇོག་སྟངས་ཤིག་ཡིན་གྱི་རེད་མོད། སྤྱི་ཚོགས་ཐོག་དེ་ཏག་ཏག་སྡོད་ཀྱི་མེད་པའི་ཚོར་བ་མི་མང་ལ་ཡོད་པ་རེད། དངོས་ཡོད་གནས་ཚུལ་སྤྱི་ཚོགས་ལ་དཔག་པའི་ཕྱག་ལས་གནང་དགོས་པ་གལ་ཆེན་པོ་རེད་མ་གཏོགས། ༧རྒྱལ་བ་རིན་པོ་ཆེས་གསུངས་པ་ཡིན་ནའང་རེད། ལྷ་བླ་མའི་ལུང་བསྟན་ཡིན་ནའང་རེད། དེ་འདྲའི་བཀའ་མོལ་གྱིས་དེང་སྐབས་ཀྱི་སྤྱི་ཚོགས་འདིར་ཁོངས་འཁྱོལ་གྱི་མ་རེད་བསམ་གྱི་འདུག མིང་བསྒྱུར་བ་དེར་མི་མང་བློ་ཕམ་ཡོད་པ་རེད་ལ། ང་རང་གི་ངོས་ནས་ཀྱང་དེ་ཡིན། ང་བཙན་བྱོལ་དུ་ཡོང་དགོས་པ་དེ་རང་བཙན་དོན་གཉེར་བ་ཟེར་ནའང་རེད། མང་གཙོའི་ཕྱོགས་གཏོགས་ཟེར་བ་དེ་འདྲའི་རྒྱུ་མཚན་གྱིས་བོད་ནང་སྡོད་མ་ཐུབ་པ་རེད་ལ། གལ་ཆེ་ཤོས་དེ་བཙན་བྱོལ་སྤྱི་ཚོགས་འདིའི་ནང་ལོ་བཅོ་ལྔ་ཉི་ཤུ་ལ་སྡོད་དགོས་པ་དེ་བོད་གཞུང་གི་མིང་ཞིག་ཡོད་པས་བསྡད་ཡོད་པ་རེད་བསམ་གྱི་འདུག སྐྱབས་བཅོལ་ལག་དེབ་RC བཟུང་ནས་སྡོད་དགོས་པ་ཡང་དེ་རེད་མ་གཏོགས། ཚང་མ་རྒྱལ་ཁབ་གཞན་གྱི་མི་སེར་བཟོས་ན་འགྲིག་གི་རེད།

གཞུང་ཟེར་བ་དེ་ནུས་པ་གཉིས་ཀྱི་ཐོག་ནས་འགྲོ་དགོས་པ་རེད། གཅིག་དེ་ཁྲིམས་ལུགས་ཀྱིས་སྐྱོང་རྒྱུ་རེད། གཉིས་པ་དེ་ཞི་བའི་སྟོབས་ཤུགས་དང་ནུས་པ། གཞུང་དང་མི་མང་བར་ལ་སེམས་ཚོར་དགོས་པ་རེད། གཞུང་དང་མི་མང་བར་གྱི་སེམས་ཚོར་བརླགས་ན་ལས་སླ་བོ་སླར་གསོ་ཐུབ་ཀྱི་མ་རེད། བཙན་བྱོལ་བོད་གཞུང་དང་བོད་མི་མང་བར་གྱི་འབྲེལ་བ་དེ་ཁྲིམས་ཁང་དང་དམག་མི། ཁྲལ་སོགས་ཀྱི་ཁྱབ་ཁོངས་སུ་འགྲོ་ཐུབ་ཀྱི་ཡོད་པ་མ་རེད། ཚོར་བ་རང་གི་ཐོག་ཏུ་བསྡད་ཡོད་པས། མིང་འགྱུར་བ་གཏོང་བ་དེ་ཚོས་ཚོར་བ་ལ་ཕོག་ཐུག་འགྲོ་ཡི་རེད།

རྒྱ་ནག་གི་འོག་ནས་ང་ཚོ་བྲོས་ཡོང་སྐབས། སྐུ་དྲག་ཚོས་དགའ་ལྡན་ཕོ་བྲང་གི་ཐམ་ཀ་དང་ལས་ཤོག་སོགས་བསྣམས་ནས་བྲོས་ཡོང་དགོས་པ་དེ་རྒྱལ་ཁབ་ཅིག་གི་ངོ་བོའི་ཐོག་ནས་བྲོས་ཡོང་བ་རེད། དེའི་ཁ་རྗེ་དབང་ཐང་འཛིན་དགོས་པ་རེད། ད་ལྟ་རྒྱ་གར་གཞུང་གིས་གནོན་ཤུགས་སླེབས་ཀྱི་རེད་ཟེར་གྱི་ཡོད་པ་རེད། གལ་སྲིད་རྒྱ་གར་གྱི་གནོན་ཤུགས་སླེབས་ན་ས་ཆ་གཞན་ཞིག་ལ་འབྲོ་དགོས་པ་རེད། ཐབས་ཤེས་འཐེན་ན་སྐྱབས་བཅོལ་དུ་འགྲོ་ས་རག་གི་རེད་བསམ་གྱི་འདུག ལོ་རྒྱུས་ཀྱི་འགྲོ་སྟངས་དེ་རེད། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཡང་དང་པོ་ནང་སོག་ལ་སྐྱབས་བཅོལ་དུ་སོང་བ་རེད། དེར་སྡོད་མ་ཐུབ་ནས་རྒྱ་ནག་དང་། དབྱིན་ཇིའི་འོག་ཏུ་སྐྱབས་བཅོལ་ལ་སོང་བ་རེད།

མ་འོངས་པར་རྒྱ་གར་གནོན་ཤུགས་སླེབས་ཀྱི་རེད་ཟེར་གྱི་ཡོད་པ་རེད། ད་ལྟ་བཙན་བྱོལ་གཞུང་གི་ཁ་སྟབས་འདིའི་གནས་སྟངས་འདི་འདྲ་ལ་ག་དུས་ཡིན་ཡང་རྒྱ་གར་གཞུང་གི་གནོན་ཤུགས་སླེབས་ཀྱི་མ་རེད། མ་འོངས་པར་བཙན་བྱོལ་གཞུང་ནུས་པ་ཆེན་པོ་ཆགས་ནས་ཚ་ཚ་འུར་འུར་ཆགས་ན་རྒྱ་གར་གཞུང་གིས་གནོན་ཤུགས་སླེབས་ཀྱང་། དེའི་སྐབས་ང་ཚོར་ཡང་གདུང་ལེན་བྱེད་རྒྱུའི་ནུས་པ་ཡོད་སྲིད་པ་རེད། གཉིས་ནས་མ་འོངས་པར་རྒྱ་གར་གཞུང་གིས་བོད་གཞུང་ངོས་ལེན་ཡང་བྱེད་སྲིད་པ་རེད། འཛམ་གླིང་ལ་འགྱུར་བ་ཆེན་པོ་ཕྱིན་གྱི་ཡོད་པ་རེད། ཡིན་ཡང་མ་འོངས་པའི་འགྱུར་བའི་གྱོང་གུད་དེ་ང་ཚོའི་མགོ་ཐོག་ཏུ་ཡོང་རྒྱུར་རྩིས་རྒྱག་གི་མེད། མ་འོངས་པའི་འགྱུར་བ་ང་ཚོའི་གྲོགས་ཡང་ཡིན་སྲིད་པ་རེད། བཙན་བྱོལ་གཞུང་གནོན་ཤུགས་ཀྱི་འོག་ནས་སྒོ་རྒྱག་དགོས་ཀྱང་བོད་ཀྱི་ལོ་རྒྱུས་ཐོག་གཟི་བརྗིད་རེད། དེ་མིན་སོ་སོས་དང་དུ་བླང་ནས་རྒྱ་ནག་ལ་མགོ་བཏག།རྒྱ་གར་ལ་མགོ་བཏག་དགོས་ན་ང་ཚོ་འདིར་སྡོད་པའི་རྒྱུ་མཚན་ཡོད་པ་མ་རེད། ང་ཚོ་འདིར་སྡོད་དགོས་པ་དེ་བསམ་བློའི་མཚོན་དོན་གྱི་གཞུང་ཞིག་ཡོད་པས་རེད། མ་འོངས་པའི་བོད་ལ་རེ་བ་ཞིག་འདུག་བསམ་གྱི་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཞེས་པ་འགྱུར་བ་བཏང་སྟེ་ཅིག་བྱེད་རོགས་ཞུ་ཡི་ཡོད། དེ་མིན་ང་ཚོས་ལས་འགུལ་སྤེལ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།།

{jcomments on}