མཁན་པོ་ལྷུན་གྲུབ་རིག་གསལ་སྐུ་གཤེགས་འདུག

དེ་ཡང་མཁན་པོ་སྔོན་མ་ནས་སྐུ་ཁམས་བདེ་མིན་བྱུང་བས། བོད་ཟླ་ ༧ པའི་ཚེས་༡༠ ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་གཅིག་ཡོལ་ཙམ་ལ་སྐུ་ཚེ་མ་ཟིན་པར་དགོངས་པ་གཤེགས་པ་དང་། ཉིན་གྲངས་བཞི་ལྷག་ལ་ཐུགས་དམ་བཞུགས་ཡོད་པ་རེད། དེ་ལྟར་ཚེས་ཆེན་ ༡༥ ཉིན་རྒྱ་གར་ནས་ཆེད་ཕེབས་གནང་བའི་ཕ་རི་རིན་པོ་ཆེ་འམ་ཁྲ་རིག་རྡོ་རྗེ་འཆང་མཆོག་དབུ་བཞུགས་ཐོག། བལ་ཡུལ་བོད་མིའི་འབྲེལ་མཐུད་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་དང་གནད་ཡོད་མི་སྣ། དེ་བཞིན་བལ་ཡུལ་རྒྱལ་ནང་གི་བོད་མི་དང་བལ་ཡུལ་ཧི་མ་ལ་ཡའི་ནང་པའི་མི་རིགས་གཙོས་རྒྱལ་ཁབ་འདྲ་མིན་གྱི་དད་ལྡན་རྗེས་འཇུག་པ་སོགས་མི་གྲངས་སྟོང་ཚོ་བརྒལ་བ་འཛོམས་པའི་སར་ཞི་བའི་སྤྱིན་བསྲེགས་ཀྱི་ལམ་ནས་སྐུ་གདུང་ཞུགས་འབུལ་ཞུས་ཡོད་པ་རེད།

khenpo 1ཀོ་པན་ཤེས་ཡོན་འགན་འཛིན་བཀྲ་ཤིས་དོན་འགྲུབ་ནས་གསར་འགོད་པ་ཚོར་བརྗོད་དོན། མཁན་རིན་པོ་ཆེ་མཆོག་ཐུགས་རྒྱུད་བཟང་པོ་དང་། ཆོས་སྲིད་གང་ཅིའི་ཐད་མཁས་པ། གཞན་ལ་བསྟུན་མཁས་ལྡན་པ་ཞིག་ཡིན་ཐོག་བལ་ཡུལ་ནང་གི་དོལ་རྒྱལ་བསྟེན་གསོལ་མི་བྱེད་པའི་དགེ་ལུགས་དགོན་ཁག་གི་བློ་བསྡུར་གནང་ཡུལ་སྣེ་ཁྲིད་མི་སྣའི་གྲས་དང་། གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཇི་གསུངས་བཀའ་བཞིན་སྒྲུབ་གནང་མཁན་བློ་སྟོབས་དང་། ལྷག་བསམ་སེམས་ཤུགས་ལྡན་པའི་སྐྱེས་བུ་དམ་པ་ཞིག་ཡིན་པས། ད་ཐེངས་གློ་བུར་སྐུ་ཚེ་མ་ཟིན་པ་ནི་ཀོ་པན་དགོན་ཙམ་མ་ཡིན་པར་བལ་ཡུལ་ནང་གི་བོད་མི་དང་ཧི་མ་ལ་ཡའི་རི་རྒྱུད་ནང་པའི་མི་རིགས་གིས་གྲུབ་པའི་དགེ་ལྡན་དགོན་ཁག་གི་གྱོང་གུད་ཚབས་ཆེན་ཞིག་རེད་ཅེས་བརྗོད་སོང་།

མཁན་པོ་ལྷུན་གྲུབ་རིག་གསལ་མཆོག་བོད་གཙང་ཕྱོགས་མངའ་རིས་ནས་སྐུ་འཁྲུངས་བ་དང་། གདན་ས་ཆེན་པོ་སེ་ར་དགོན་པའི་ཆོས་སྒོར་ཞུགས། ༡༩༥༩ ལོར་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ནས་ལོ་མང་མུ་མཐུད་གསན་བསམ་སློབ་གཉེར་གནང་། རྗེས་སུ་བླ་མ་ཡེ་ཤེས་མཆོག་གི་བཀའ་མངགས་ལྟར་བལ་ཡུལ་ལ་ཕེབས་ནས། ད་བར་བལ་ཡུལ་ཀོ་པཎ་འོག་མིན་བྱང་ཆུབ་ཆོས་གླིང་དགོན་པ་དང་། ཀོ་པཎ་བཙུན་དགོན་། ད་དུང་ཀོ་པཎ་དང་འབྲེལ་བའི་མཐའ་མཚམས་དགོན་ཁག་ཚང་མའི་འཛིན་སྐྱོང་དང་མཁན་པོའི་ཐུགས་འགན་བཞེས་ཡོད་འདུག།།
བལ་ཡུལ་ས་གནས་གསར་འགོད་པས།